འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་འགྲོ་རེ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཉེ་ཆར་པུ་རུ་སེར་དུ་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་དང་མཉམ་དུ་ཀྲུང་གོ་—ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་མཇལ་འཛོམས་ཐེངས་བཅུ་དགུ་པར་ཞུགས་ཤིང་། རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱབ་ལྗོངས་འོག་ཐེངས་འདིའི་མཇལ་འཛོམས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་ཡོད་དེ། ཀྲུང་ཡོའི་འབྲེལ་བ་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་མ་ཟད་ད་དུང་མུ་མཐུད་བརྟན་དུ་འགྲོ་རྒྱུའི་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་ནས་ཀྲུང་ཡོའི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྒུལ་ཤུགས་གསར་པ་ཡང་བསྐྱར་བསྣན་པ་རེད།
         ཐེངས་འདིའི་མཇལ་འཛོམས་གྲུབ་འབྲས་ཀྱི་གསལ་ཐོ་ལྟར་ན། ཀྲུང་ཡོ་ཕྱོགས་གཉིས་དབར་གྱི་གཉིས་ཁེ་གཉིས་ཕན་གྱི་ཀྲུང་ཡོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་ནང་དོན་ཐད་མཉམ་ལས་གྲོས་གཞི་གསར་པ་རབ་དང་རིམ་པ་བྱུང་ཡོད་པ་དང་། དེ་དག་ལས་ལྷག་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ནི། ཕྱོགས་གཉིས་ཀྱིས་ཡོ་རོབ་མནའ་འབྲེལ་གྱིས་《ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་དུ་ཞུགས་པའི་གྲོས་ཆོད་ཡི་གེ་》དོན་ཚན་བཅོ་ལྔ་པའི་འོས་འགན་ལག་བསྟར་གནད་དོན་ཐད་གྲོས་བསྡུར་བྱས་ནས་འབྲེལ་ཡོད་ཐུན་མོང་ངོས་འཛིན་རྒྱ་ཆེར་བཏང་བ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་གྱིས་དོན་ཚན་བཅོ་ལྔ་པའི་འོས་འགན་ལག་བསྟར་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྲོམ་རར་རྒྱལ་སྤྱིའི་སྒྲིག་སྲོལ་ལ་བརྩི་སྲུང་བྱ་རྒྱུའི་བརྡ་རྟགས་གཏོང་དགོས་པའི་ནན་བཤད་བྱས་པ་དང་། ཡོ་རོབ་མནའ་འབྲེལ་ཕྱོགས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་བཞིན་ཡོད་པ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་མཐུན་ཞིང་མཐོང་ཆུང་ཁྱད་གསོད་མ་ཡིན་པའི་བྱེད་སྟངས་སྤྱོད་རྒྱུ་ཡིན་ཞེས་བཤད་པ་རེད།
         རང་མོས་ཚོང་དོན་ལ་ཕྱོགས་གཉིས་པོས་དེ་འབྲེལ་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་བརྩི་སྲུང་བྱེད་དགོས་པ་དང་། ལྷག་པར་དུ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་དགོས། ཡིན་ན་ཡང་བློ་ཕམ་པ་ཞིག་ལ། ཀྲུང་གོར་ཕམ་ཚོང་ལ་ངོ་རྒོལ་བྱེད་པའི་རྟོག་ཞིབ་ཀྱི"ཚབ་བྱེད་རྒྱལ་ཁབ"ཀྱི་བྱེད་སྟངས་གནད་དོན་ཐད། ཚོང་དོན་སྒྲིག་སྲོལ་བཟོ་མཁན་གཙོ་བོ་ཡིན་པའི་ཡོ་རོབ་མནའ་འབྲེལ་གྱིས་《ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་དུ་ཞུགས་པའི་གྲོས་ཆོད་ཡི་གེ་》དོན་ཚན་བཅོ་ལྔ་པའི་གཏན་འབེབས་བརྩི་སྲུང་མ་ཞུས་པ་དང་། 2016ལོའི་ཟླ་12ཚེས་11ཉིན་བྱེད་སྟངས་དེ་དུས་བཀག་ལྟར་མཇུག་བསྒྲིལ་བ་རེད།
         ཙུང་ལི་ལི་ཁེ་ཆང་གིས་ཚེས་2ཉིན་ཀྲུང་ཡོའི་བཟོ་ཚོང་དབུ་ཚོགས་ཐོག་གསུངས་པ་ཇི་བཞིན་ད་ཆ་ལག་ལེན་བསྟར་བཞིན་པའི་ཕྱོགས་མང་སྒྲིག་སྲོལ་ལ་དུས་བབ་ཀྱི་འགྱུར་ལྡོག་དང་མི་འཚམ་པ་ཡོད་ཀྱང་ཚང་མས་མཉམ་དུ་གྲོས་མོལ་བྱས་ནས་འཐུས་སྒོ་ཚང་དུ་གཏོང་ཆོག ཡིན་ན་ཡང་གཏན་འབེབས་བྱས་ཟིན་པའི་སྒྲིག་སྲོལ་སྣང་མེད་དུ་བསྐྱུར་མི་ཆོག་ལ་བརྩིས་མེད་དུ་དེ་བས་ཀྱང་གཏོང་མི་ཆོག གལ་སྲིད་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཚང་མས་རྒྱལ་སྤྱིའི་སྒྲིག་སྲོལ"གདམ་གའི་རང་བཞིན"ལྡན་པའི་སྒོ་ནས་བརྩི་སྲུང་ཞུས་ཚེ་ལྕགས་ཐག་ལག་འབྲེལ་གྱི་ལན་འཆར་འབྱུང་སླ་བས་ཕྱོགས་མང་སྒྲིག་ལམ་གྱི་རྨང་གཞིར་གཡོ་འགུལ་ཐེབས་ནས་མཐར་རྒྱལ་ཁ་ཐོབ་མཁན་གཅིག་ཀྱང་ཡོང་མི་སྲིད།
         ཉོ་ཚོང་དང་མ་འཇོག་ནི་ཀྲུང་ཡོ་འབྲེལ་བའི་གྲུ་རྡོ་ཆེན་པོ་གཉིས་ཡིན། ཡོ་རོབ་མནའ་འབྲེལ་ནི་ཀྲུང་གོའི་ཉོ་ཚོང་རོགས་ཟླ་ཆེ་ཤོས་དང་པོ་དང་ཀྲུང་གོ་ནི་ཡོ་རོབ་མནའ་འབྲེལ་གྱི་ཉོ་ཚོང་རོགས་ཟླ་ཆེ་ཤོས་གཉིས་པ་ཡིན། ཕྱོགས་གཉིས་པོའི་ཆ་སྙོམས་ཉིན་རེའི་ཉོ་ཚོང་གྲངས་འབོར་མིག་སྔར་ཡོ་སྒོར་དུང་ཕྱུར་15(ཨ་སྒོར་དུང་ཕྱུར་16.9)ལས་བརྒལ་ཡོད་པ་རེད། 2017ལོའི་ཟླ་གསུམ་པ་བར་དུ། ཀྲུང་གོས་ཡོ་རོབ་མནའ་འབྲེལ་ལ་རིམ་རྩིས་བརྒྱབ་ན་ཐད་ཀར་མ་དངུལ་ཨ་སྒོར་དུང་ཕྱུར་733བཏང་བ་དང་། ཡོ་རོབ་མནའ་འབྲེལ་གྱིས་རིམ་རྩིས་བརྒྱབ་ན་ཀྲུང་གོར་ཐད་ཀར་མ་དངུལ་ཨ་སྒོར་དུང་ཕྱུར་1146བཏང་ཡོད་པ་རེད།
         ཕན་ཚུན་སྒོ་དབྱེ་དང་། དངོས་སྒྲུབ་མཉམ་ལས། གཉིས་ཁེ་གཉིས་ཕན་བཅས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཡོ་འབྲེལ་བའི་འཕེལ་ཕྱོགས་གཙོ་བོ་ཡིན་ལ། རྒྱལ་སྤྱིའི་དུས་བབ་ངེས་བརྟན་མེད་པ་དང་བརྟན་ལྷིང་མིན་པའི་རྒྱུ་རྐྱེན་མངོན་གསལ་དོད་པོས་མང་དུ་འགྲོ་བའི་རྒྱབ་ལྗོངས་འོག ཐེངས་འདིའི་ཀྲུང་ཡོའི་འགོ་ཁྲིད་མཇལ་འཛོམས་བྱུང་བ་ལས། ཀྲུང་ཡོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་དགེ་མཚན་ལྡན་ལ་ངེས་གཏན་འཁེལ་བའི་བརྡ་རྟགས་བཏང་ཡོད་པ་རེད། མ་འོངས་པར་ཀྲུང་ཡོའི་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་ཕྱིན་ནས་ཀྲུང་ཡོའི་མི་དམངས་སྔར་ལས་མང་བར་མཉམ་ལས་གཉིས་ཁེའི་ཕན་པ་ལོངས་སུ་སྤྱོད་ཐུབ་རེ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།