འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅༎"རྒྱུད་གཅིག་ལམ་གཅིག"གིས་ཨ་ཧྥེ་རི་ཁ་ཕན་ཚུན་འབྲེལ་མཐུད་ཡོང་རྒྱུར་རོགས་འདེད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པའི་ཁེན་ནི་ཡའི་གྲུ་ཁའི་གྲོང་ཁྱེར་ཆེ་ཤོས་མོང་པ་སཱ་དང་རྒྱལ་ས་ནེ་རོ་པི་གཉིས་འབྲེལ་མཐུད་བྱེད་པའི་མོང་ནེ་ལྕགས་ལམ་ཤར་གཏོང་ཐུབ་ནས་ཉིན་ཤས་མ་སོང་བར་ས་གནས་དེ་གའི་དམངས་ཚོགས་ཀྱི་དགའ་བསུ་ཐོབ་པ་དང་ཐ་ན་སྤ་སེ་གཅིག་ཀྱང་རག་དཀའ་བའི་གནས་ཚུལ་ཐོན་ཡོད་པ་རེད།
         ཀྲུང་ཧྥེའི་མཉམ་ལས་ཀྱི་རྒྱལ་ཁའི་གཏམ་བཟང་ཡང་ཡང་གྲགས་པ།
         "རྒྱུད་གཅིག་ལམ་གཅིག"འཛུགས་པའི་ནང་གི་ཨ་ཧྥེ་རི་ཁའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པའི་མོང་ནེ་ལྕགས་ལམ་དེ་ཉིད"རྒྱུད་གཅིག་ལམ་གཅིག"འཛུགས་པའི་བསམ་གཞིའི་བྱ་སྤྱོད་དུ་གྱུར་པ་དང་བསམ་འདུན་དོན་དངོས་སུ་གྱུར་པའི་ཁུངས་སྐྱེལ་དཔེ་མཚོན་ཞིག་ཆགས་ཡོད། དེ་ལས"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་དེ་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པ་བཅས་ཡིན་པ་མངོན་ཡོད་པ་རེད།
         མོང་ནེ་ལྕགས་ལམ་དེ་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་(ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་)ཡི་ཁོངས་གཏོགས་ཀྲུང་གོ་ལམ་ཟམ་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས་སྐྲུན་འགན་བླངས་པ་ཞིག་ཡིན་པ་དང་། ཟླ་5ཚེས་31ཉིན་དངོས་སུ་ལས་མཇུག་འགྲིལ་ནས་མེ་འཁོར་ཤར་གཏོང་ཐུབ་པ། ཟླ་6ཚེས་1ཉིན་ནས་བཟུང་འགྲུལ་སྐྱེལ་ཞབས་འདེགས་ཞུ་འགོ་ཚུགས་ཡོད། གཉེར་སྐྱོང་ཐོག་མར་བྱེད་སྐབས་ཉིན་ལྟར་མོང་པ་སཱ་ནས་ནེ་རོ་པིར་མེ་འཁོར་ཐེངས་གཅིག་གཏོང་བ་དང་འབྲེལ་ནེ་རོ་པི་ནས་ཀྱང་མེ་འཁོར་ཐེངས་གཅིག་གཏོང་གི་ཡོད་པ་རེད།
         མོང་ནེ་ལྕགས་ལམ་བཀོད་འདོམས་པུས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་6ཚེས་4ཉིན་མོང་པ་སཱ་ནས་ནེ་རོ་པིར་སྐྱོད་པའི་མེ་འཁོར་ཐེངས་གྲངས་E1ནང་སྡོད་མཁན་འགྲུལ་པ་1366ཟིན་པ་དང་། ད་དུང་མི་བརྒྱ་གྲངས་ཁ་ཤས་ལ་ཉིན་དེའི་མེ་འཁོར་སྤ་སེ་རག་མེད། ཉིན་དེར་ནེ་རོ་པི་ནས་མོང་པ་སཱར་སྐྱོད་པའི་མེ་འཁོར་ཐེངས་གྲངས་E2ཀྱིས་ཀྱང་འགྲུལ་པ་1219བསྐྱལ་ཡོད་པ་རེད།
         མོང་ནེ་ལྕགས་ལམ་ལ་དགའ་བསུ་དེ་ལྟ་བུ་ཐོབ་དོན་ནི་འགྲུལ་པའི་འགྲོ་སྐྱོད་རིན་པ་ཕྱེད་ཀ་ཆག་པ་དང་འགྲོ་སྐྱོད་དུས་ཚོད་ཕྱེད་ཀ་ཐུང་དུ་སོང་བའི་ཕན་པ་གཉིས་ཐོབ་པས་རེད། ལྕགས་ལམ་གཉེར་སྐྱོང་ཐོག་མར་བྱེད་སྐབས་སྤ་སེ་གཅིག་ཀྱང་རག་དཀའ་བའི་གནས་ཚུལ་ཐོན་པ་དེའི་ཕྱོགས་གཞན་ཞིག་ནས་ཁེན་ནི་ཡའི་མི་དམངས་དང་ཐ་ན་ཨ་ཧྥེ་རི་ཁའི་མི་དམངས་ལ་ཤར་གཏོང་དང་ནུས་ཆེའི་འགྲོ་སྐྱོད་ཀྱི་དགོས་མཁོ་ཆེ་བ་མཚོན་གྱི་ཡོད་པ་རེད།
         ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤེ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཧོ་ཝུན་ཕིང་གིས་མོང་ནེ་ལྕགས་ལམ་ཤར་གཏོང་ཐུབ་པ་དེ་ནི"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་མཇུག་འགྲིལ་ནས་ཡུན་རིང་མ་སོང་བར་གྲགས་པའི"རྒྱུད་གཅིག་ལམ་གཅིག"འཛུགས་པའི་རྒྱལ་ཁའི་གཏམ་བཟང་ཞིག་ཡིན་ལ་དོན་སྙིང་གལ་ཆེན་ལྡན་ཞིང་མི་སེམས་འགུལ་བ་ཞིག་ཀྱང་ཡོད་པ་རེད།
         ཨ་ཧྥེ་རི་ཁ་ཤར་མའི་ལྕགས་ལམ་དྲ་བ་སྐྲུན་པ།
         ཨ་ཧྥེ་རི་ཁ་ཤར་མའི་སྐམ་ས་ཆེན་པོར་གཞི་གཅིག་ཅན་འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བའི་མཐོ་རླབས་འོག་ཨ་ཧྥེ་རི་ཁ་ཤར་མ་འདི་ཉིད་ཕན་ཚུན་འབྲེལ་ཞིང་མཐུད་པའི་རྒྱལ་སྒྲོལ་འགྲིམ་འགྲུལ་དྲ་བ་འཛུགས་སྐྲུན་བྱེད་མཁན་མྱུར་སྐྱོད་གདོང་ལེན་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད།
         མོང་པ་སཱ་ནས་འགོ་བཙུགས་ཏེ་ཁེན་ནི་ཡ་དང་། ཝུ་ཀན་ཏ། རུ་ཝང་ཏ་སོགས་ཨ་ཧྥེ་རི་ཁ་ཤར་མའི་རྒྱལ་ཁབ་ཀྱིས་འདྲེན་ཤུགས་ཆེ་བ་དང་། མ་གནས་དམའ་བ། ཕན་འབྲས་ཆེ་བ། ཨ་ཧྥེ་རི་ཁ་ཤར་མའི་རྒྱལ་ཁབ་ཁག་ཕན་ཚུན་གཅིག་འབྲེལ་བཅས་ཀྱི་ཚད་ལྡན་ལྕགས་ལམ་སྐྱེལ་འདྲེན་མ་ལག་ཅིག་ནུས་ཤུགས་ཡོད་རྒུས་སྐྲུན་བཞིན་ཡོད། དེ་དང་ཆབས་ཅིག་ཁེན་ནི་ཡ་དང་། ཨེ་ཙེ་ཨོ་ཕུ་ཡ། ལྷོ་སུའུ་ཏན་སོགས་ཨ་ཧྥེ་རི་ཁ་ཤར་མའི་རྒྱལ་ཁབ་ཀྱིས་ད་དུང་ཁེན་ནི་ཡའི་ལཱ་མུའུ་གྲུ་ཁ་ནས་འགོ་བཙུགས་ཏེ་ཚད་ལྡན་ལྕགས་ལམ་དང་། མྱུར་བགྲོད་གཞུང་ལམ། རྡོ་སྣུམ་འདྲེན་གདོང་། གནམ་ཐང་བཅས་གཞི་གཅིག་ཏུ་བསྡུས་པའི་ཕྱོགས་བསྡུས་སྐྱེལ་འདྲེན་མ་ལག་ཅིག་ཀྱང་བསྐྲུན་རྩིས་ཡོད་པ་རེད།
         ཧོ་ཝུན་ཕིང་གིས་མོང་ནེ་ལྕགས་ལམ་སྐྲུན་ཟིན་རྗེས་ཨ་ཧྥེ་རི་ཁ་ཤར་མའི་ས་ཁུལ་དུ་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་ཞིག་ཐོན་རྒྱུའི་ངོས་འཛིན་བྱས་ཤིང་། ཁོང་གིས་མོང་ནེ་ལྕགས་ལམ་ནི་དོན་ཐོག་ཏུ་ཨ་ཧྥེ་རི་ཁ་ཤར་མའི་ས་ཁུལ་གཞི་གཅིག་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་འཆར་གཞི་ཞིག་རེད། མོང་ནེ་ལྕགས་ལམ་སྐྲུན་ཟིན་པ་དང་ཆབས་ཅིག་ཨ་ཧྥེ་རི་ཁ་ཤར་མའི་གཅིག་མཐུན་འདུས་གྲུབ་གཞི་གཅིག་ཅན་དུ་འགྱུར་རིམ་མགྱོགས་སུ་འགྲོ་རྒྱུ་ཡིན་པས་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ན་མི་སྣ་དང་དངོས་ཟོག་འགྲོ་རྒྱུག་མགྱོགས་སུ་འགྲོ་རྒྱུ་རེད་ལ་ལམ་རྒྱུད་ཀྱི་བཟོ་ལས་ཁུལ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱང་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།
         "རྒྱུད་གཅིག་ལམ་གཅིག"ལས་ཨ་ཧྥེ་རི་ཁར་ཕན་པ་ཐོབ་པ།
         ཧོ་ཝུན་ཕིང་གིས་མིག་སྔར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་ཉོ་ཚོང་བྱེད་ཚད་དམའ་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ཕན་ཚུན་འབྲེལ་མཐུད་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་མེད་པ་དེ་རེད། དེས་ཁོང་ཚོས་རྒྱལ་སྤྱིའི་མ་འཇོག་འགུག་ཐབས་བྱེད་པར་འགོག་རྐྱེན་བཟོས་ཡོད། དེར་བརྟེན་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་ནི་ཚོང་དོན་ཤར་གཏོང་དང་། མ་དངུལ་རྒྱུན་འཁོར། དམངས་སེམས་གཅིག་སྒྲིལ་བཅས་ཡོང་བ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་ཞེས་བཤད་པ་རེད།
         ཧོ་ཝུན་ཕིང་གིས"རྒྱུད་གཅིག་ལམ་གཅིག"གི་ནང་དོན་གཙོ་བོ་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། དེ"རྒྱུད་གཅིག་ལམ་གཅིག"གི་ལམ་རྒྱུད་རྒྱལ་ཁབ་ཁོ་ནར་དམིགས་པ་ཞིག་མིན་པས་ཨ་ཧྥེ་རི་ཁ་ཡོངས་དེའི་ནང་ཧུར་ཐག་ཞུགས་སྲིད་ཅེས་བསྟན་པ་རེད།
         ཀྲུང་གོའི་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཟླ་བ་གོང་མར་མོ་རི་ཐ་ནི་ཡ་དང་། ཝེར་ཏེ་གླིང་ཟུར། མ་ལི། ཁོ་ཐེ་ཏི་ཝོར་བཅས་ལ་འཚམས་འདྲི་གནང་རིང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དེ་དག་གིས་ཚད་གཞི་མི་འདྲ་བའི་ཐོག་ནས"རྒྱུད་གཅིག་ལམ་གཅིག"འཛུགས་པའི་ནང་ཞུགས་རྒྱུའི་རེ་བ་བཏོན་པ་ལས་ཨ་ཧྥེ་རི་ཁ་སྐམ་ས་ཆེན་པོ་ཡོངས་ཀྱི་བསམ་ཚུལ་མཚོན་གྱི་ཡོད། ཁོང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་དག་ཅིག་ནི་མཚོ་ཐོག་དར་གོས་ལམ་བུའི་ལོ་རྒྱུས་དང་རང་བྱུང་བསྣུར་སྲིང་བྱུང་བ་ཤ་སྟག་རེད། "རྒྱུད་གཅིག་ལམ་གཅིག"གི་དགོངས་དོན་དང་བསམ་གཞིར་ཡིད་མཐུན་བྱུང་ན་ཚང་མ་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པའི་རོགས་ཟླར་འགྱུར་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིའུ་ཤན་ཧྥ་ཡིས་མོང་ནེ་ལྕགས་ལམ་སྐྲུན་ཟིན་རྗེས་ཀྲུང་ཁེན་གྱིས་མཉམ་ལས་བྱས་ཏེ་འཛུགས་སྐྲུན་བྱས་པའི་ནེ་མ་(ནེ་རོ་པི་ནས་མ་ལ་པཱ་བར་)ལྕགས་ལམ་དང་ལཱ་མུའུ་གྲུ་ཁ་སོགས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་ཡིན། དེ་ལས"རྒྱུད་གཅིག་ལམ་གཅིག"དེ་ཨ་ཧྥེ་རི་ཁའི་དཀྱིལ་ཁུལ་དུ་སྤེལ་རྒྱུར་སྔར་བས་སྐུལ་འདེད་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་བྱ་གཞག་དང་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ཐེབས་ནས་ཀྲུང་ཧྥེ་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་རྒྱུའི་ངོས་འཛིན་གནང་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།