འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི་དབྱར་འབྲུར་སླར་ཡང་ལོ་ལེགས་ཡོང་རེ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་18ཉིན། 15:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་རང་རྒྱལ་གྱིས་གྲོ་མུའུ་དུང་ཕྱུར་2.96བསྡུས་པ་དང་དབྱར་དུས་ཀྱི་མ་རྨོས་ལོ་ཏོག་འཕྲུལ་འདེབས་རྒྱ་ཁྱོན་མུའུ་དུང་ཕྱུར་1ལས་བརྒལ་ཞིང་། གྲོ་བསྡུས་ཚད་བཅུ་ཆ་དགུ་ཙམ་ཟིན་ནས་དབྱར་འབྲུ་བསྡུ་མཇུག་འགྲིལ་ཉེར་ཡོད། ཞིང་ལས་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་ལ་གཞིགས་ན། འདི་ལོར་དབྱར་འབྲུའི་རྒྱ་ཁྱོན་རྒྱུན་མཐུད་བརྟན་པོ་བྱུང་བ་དང་ལྷག་པར་དུ་སྟོན་འདེབས་བྱས་ཚུན་འགག་རྩའི་ལག་རྩལ་ཁག་དོན་འཁྱོལ་ཡག་པོ་བྱུང་ནས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་ནད་འབུའི་གནོད་འཚེ་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱུང་བའི་ཁར་གནམ་གཤིས་སྤྱིར་ཡག་པོ་བསྟན་པས་འདི་ལོའི་དབྱར་འབྲུར་ལོ་ལེགས་ཡོང་རེ་ཡོད་པ་རེད། ལོ་ལེགས་ཡོང་བའི་དུས་མཚུངས། འདི་ལོའི་དབྱར་འབྲུའི་ཐོན་སྐྱེད་ཀྱི་མངོན་གསལ་དོད་ཤོས་ཞིག་ནི་སྤུས་ཚད་དང་ཕན་འབྲས་ཚང་མ་མཐོ་རུ་ཕྱིན་པ་དེ་རེད།
          གྲོ་མུའུ་རེའི་ཐོན་ཚད་མཐོ་རུ་ཕྱིན་པ་ནི་ཚན་རྩལ་འཕེལ་རྒྱས་ལས་བྱུང་བ་རེད། རང་རྒྱལ་གྱིས་ས་སྦོལ་ས་འཁོད་སྙོམས་པ་དང་། ས་བོན་རྩེ་གྲ་འདེབས་འཛུགས། བཏབ་ཟིན་རྗེས་ས་བཅགས་བཅགས་གཏོང་བ། དགུན་ཆུ་གཏོང་བ། “གཅིག་གཏོར་གསུམ་འགོག”སོགས་ཀྱི་ཞིང་ལས་ལག་རྩལ་ཟུང་འབྲེལ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཐོན་མཐོ་ཕན་མཐོའི་ལག་རྩལ་རྣམ་པ་ཁྱབ་གདལ་བཏང་བ་དང་། ལྷག་པར་དུ་གྲོ་ཐོན་སྐྱེད་རྫོང་ཆེན་ཁག་གཅིག་བདམས་ནས་ལྗང་མདོག་དང་ཐོན་མཐོ་ཕན་མཐོ་ཡོང་བ་བྱས་ཏེ། ཐོན་མཐོ་ཕན་མཐོའི་དཔེ་སྟོན་རྟེན་གཞི་ཁག་གཅིག་བཏོད་པ་དང་གཞི་ཁྱོན་ཆེན་པོར་ཐོན་འཕར་དོ་སྙོམས་ཡོང་རྒྱུར་སྐུལ་མ་བཏང་ཡོད། གཞན་ཡང་ནད་འབུའི་གནོད་འཚེ་མཉམ་འགོག་མཉམ་བཅོས་ལ་ཕན་འབྲས་ཆེན་པོ་བྱུང་བ་མ་ཟད། ལྷག་དོན་དུ་འདི་ལོ་གྲོར་གྲོ་སྙེའི་བཙའ་ནད་དང་སྙེ་དམར་བཙའ་ནད་ཕོག་པའི་གནས་ཚུལ་ལ་དམིགས་ནས་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དུས་བསྟུན་གྱིས་འཕྲལ་སྡོམ་འགོག་བཅོས་བྱས་པ་དང་མཉམ་འགོག་མཉམ་བཅོས་བྱ་རྒྱུར་སྐུལ་མ་ཤུགས་ཆེན་བཏང་བས། ནད་འབུའི་གནོད་འཚེ་ཁྱབ་རྒྱུ་ཚོད་འཛིན་ནུས་ལྡན་བྱུང་ནས་འབྲུ་རིགས་ལ་ལོ་ལེགས་བྱུང་བ་རེད། ཐོན་སྐྱེད་གཙོ་བོའི་ཞིང་ཆེན་ཁག་གིས་འདི་ལོ་གྲོ་མུའུ་རེའི་ཐོན་འབབ་ཡོངས་ཁྱབ་ངང་མཐོ་རུ་འགྲོ་རྒྱུ་རེད་ཅེས་བརྗོད་པ་རེད།
          སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་སྣ་ཁའི་གྲུབ་ཆ་ལེགས་སུ་གཏོང་རྒྱུར་རག་ལུས་ཡོད། ཁྲོམ་རའི་ཐོག་དཀོན་པའི་ཚི་མང་ཉུང་གཉིས་ཀྱི་གྲོའི་རྒྱ་ཁྱོན་གྱིས་27.5%བཟུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་2.8ཀྱིས་མཐོ་བ་ཡོད། ཨན་ཧུའེ་ཞིང་ཆེན་གྱིས་གྲོང་ཁྱེར་12དང་རྫོང་42ཀྱི་མ་དཔེ་520ལྷག་ཙམ་ལ་བརྟག་དཔྱད་བྱས་པར། ཞིང་ཆེན་དེ་ཡོངས་ཀྱི་རིམ་པ་གསུམ་པ་ཡན་གྱི་གྲོ་ཡིས་85.6%བཟུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་52.5ཡིས་མཐོ་བ་ཡོད་པ་རེད།
         རྒྱལ་ཁབ་ཀྱི་གྲོ་ཉོ་སྒྲུབ་གོང་ཚད་དམའ་ཤོས་ཀྱི་སྲིད་ཇུས་ཀྱི་འདེགས་སྐྱོར་འོག་གྲོའི་ཁྲོམ་རའི་རིན་གོང་བརྟན་པོ་བྱུང་ནས་དབྱར་འབྲུའི་ཕན་འབྲས་མཐོ་རུ་ཕྱིན་ཡོད། ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན། འདི་ལོར་སྤུས་ཚད་མཐོ་རུ་ཕྱིན་པའི་དབང་གིས་ན་ནིང་ལས་གྲོ་མུའུ་རེར་གནས་ཐང་སྒོར་130ཙམ་འཕར་རྒྱུ་དང་། མུའུ་རེའི་ཐོན་ཚད་མཐོ་རུ་ཡིན་པས་སྒོར་20ཡན་འཕར་ནས། མུའུ་རེར་ཆ་སྙོམས་སྒོར་150ཡན་འཕར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།