འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།“ང་ཀྲུང་གོར་དགའ་ཞེན་ཆེན་པོ་ཡོད” 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་18ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་སྦྲགས་འཛམ་གླིང་དང་འབྲེལ་གཏུག་བྱེད་ཚད་སྔར་བས་དམ་ཟབ་ཏུ་འགྲོ་བ་དང་། ཕྱི་རྒྱལ་བ་དེ་བས་མང་བ་ཀྲུང་གོར་སློབ་སྦྱོང་དང་། ལས་ཞུགས། འཚོ་བ་སྐྱེལ་བ། ཡུལ་སྐོར་བཅས་བྱེད་པར་ཡོང་གི་ཡོད་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 1990ལོ་ནས་2015ལོ་བར་ཀྲུང་གོར་སྡོད་མཁན་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་མི་འབོར་ཁྲི་37ནས་ཁྲི་97བར་འཕར་བ་དང་ལོ་རེར་འཕར་ཚད་2.4%ཟིན་གྱི་ཡོད།
        ཉམས་མྱོང་དང་གཏམ་རྒྱུད་ཇི་འདྲ་ཞིག་ལས་ཁོང་ཚོས་ཐེ་ཚོམ་སྤུ་ཙམ་མེད་པར་ཀྲུང་གོར་གདེང་འཇོག་བཟང་པོ་བྱེད་དོན་གང་ཡིན་ནམ། ང་ཚོས་དེའི་ཁྲོད་ཀྱི་མི་དཀྱུས་མ་འགའ་ཤས་ཀྱི་འགྲམ་དུ་བསྐྱོད་ནས་ཁོང་ཚོའི་ཚོར་སྣང་དངོས་ཉན་པ་དེས་ང་ཚོས་སོ་སོའི་རྒྱལ་ཁབ་དང་དུས་རབས་ལ་དེ་བས་ཕྱོགས་ཡོངས་ནས་ངོས་འཛིན་ཐུབ་བྱུང་།
    “འཛམ་གླིང་ཡོངས་ཀྱིས་ཀྲུང་གོ་བས་སེམས་ནུས་ཡོད་རྒུས་ཞུགས་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས”
         མ་ཤིའུ·སའེ་ཧྲེན་སི་ནི་ཨ་རིའི་ཡོའུ་ཐ་ཀྲོའུ་ནས་ཡོང་བའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གཞོན་ནུ་ཞིག་ཡིན་པ་དང་། 2016ལོའི་ཟླ་8པར་པེ་ཅིང་སྐད་ཡིག་སློབ་ཆེན་གྲ་སྒྲིག་ཚན་ཁག་གི་སློབ་གསོའི་སློབ་གླིང་དུ་སློབ་སྦྱོང་བྱེད་པར་ཡོང་བ་དང་རྒྱ་ཡིག་གི་མིང་ལ་ལིའུ་མ་སའེ་ཟེར་གྱི་ཡོད།
          “ཕྱི་རྒྱལ་བའི་ངོས་ནས་བཤད་ན་ཀྲུང་གོར་རྒྱ་ཡིག་སློབ་སྦྱོང་བྱེད་པར་ཡོང་བ་ནི་གོ་སྐབས་ཡག་ཤོས་ཤིག་ཡིན་པ་དང་དེ་མིན་དཔེར་ན་ཚོང་ལས་དང་ཚན་རྩལ་སོགས་རང་ཉིད་ཀྱིས་དགའ་པོ་བྱེད་པའི་ཁྱབ་ཁོངས་མང་པོར་འབྲེལ་བ་བྱེད་ཆོག་གི་ཡོད་པ་དང་ཀྲུང་གོ་ནི་བྱ་བ་དེ་དག་སྒྲུབ་ཡུལ་ཡག་ཤོས་གྲས་ཤིག་ཡིན”མ་ཤིའུ་ཡིས་ཀྲུང་གོར་སླེབས་པའི་ཐོག་མའི་ཟླ་བ་གཉིས་རིང་བྲེལ་འཚུབ་ཆེ་བའི་འཚོ་བ་སྐྱེལ་སྟངས་དེ་གོམས་ཐུབ་ཀྱི་མི་འདུག ཡིན་ནའང་ད་ཆ་སྣང་དག་མི་འདུག “ཀྲུང་གོ་བའི་འཚོ་བ་སྐྱེལ་སྟངས་ཧ་ཅང་སྟབས་བདེ་འདུག ང་ཐའོ་པའོ་ནས་ཅ་ལག་ཉོ་བ་དང་དྲ་ཐོག་ནས་ལྟོ་ཆས་ཉོ་བར་ཧ་ཅང་དགའ་པོ་ཡོད་པས་འཚོ་བའི་སྟབས་བདེ་དངོས་གནས་ཧང་སངས་དགོས་པ་ཞིག་འདུག”ཅེས་བཤད།
          མ་ཤིའུ་ཡིས“ཀྲུང་གོའི་རིག་གནས་དེ་བསྟུན་མཁས་ཆེ་བ་ཞིག་ཡོད་པས་ཕྱི་རྒྱལ་བ་དེ་གར་འཚོ་བ་སྐྱེལ་ན་སྐྱིད་སྣང་དོད་པ་ཞིག་འདུག ང་གང་དུ་སྐྱོད་ཀྱང་ཀྲུང་གོ་བས་སེམས་རྩ་འཁོལ་པོས་སྣེ་ལེན་བྱེད་ཀྱི་འདུག”ཅེས་བཤད། ཁོང་གིས་ཀྲུང་གོ་བ་ནི་སེམས་བཟང་ལ་གཞན་ལ་རོགས་པ་བྱ་རྒྱུར་དགའ་པོ་འདུག ལམ་དུ་འགྲོ་སྐབས་མི་སུ་འདྲ་ཞིག་འཕྲད་རུང་ཁོང་ཚོས་རྟག་ཏུ་ང་ལ་རོགས་རམ་བྱེད་ཀྱི་འདུག”སློབ་གསེང་སྐབས་མ་ཤིའུ་གྲོགས་པོ་དང་མཉམ་དུ་སྟབས་བདེའི་ཁ་ལག་ཟ་བར་འགྲོ་རྒྱུར་དགའ་པོ་ཡོད་པ་དང་། ཕྱི་པོ་ཇི་འདྲ་ཆགས་ཀྱང་རང་ཉིད་ཀྱི་བདེ་འཇགས་ལ་སེམས་ཁྲལ་བྱེད་མྱོང་མེད།
        ལས་ལ་བརྩོན་པའི་ཀྲུང་གོ་བས་མ་ཤིའུ་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་དང་། ཁོང་གིས“ངས་ད་བར་ཀྲུང་གོ་བ་ལྟར་གྱི་ལས་ལ་བརྩོན་པའི་མི་ཞིག་འཕྲད་མྱོང་མེད། ངས་འཛམ་གླིང་ཡོངས་ཀྱི་མི་ཚང་མས་ཀྲུང་གོ་བའི་ལས་ཀ་བྱེད་སྟངས་ལ་སློབ་སྦྱོང་བྱེད་པ་དང་སེམས་ནུས་ཡོད་རྒུས་ཞུགས་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པ་སྙམ་གྱི་འདུག”ཅེས་བཤད།
         ངས་ཀྲུང་གོར་དགའ་པོ་བྱེད་མཚམས་འཇོག་ཐབས་བྲལ།
         ཀྲུང་གོ་དང་ཡོ་རོབ་གྲངས་འཛིན་མཐུན་ཚོགས་ཀྱི་ཀྲུའུ་རེན་ཝེ་མོ་ལིས་ནི་ཡིད་དུ་འོང་བའི་དབྱི་ཐ་ལིའི་བུད་མེད་ཅིག་ཡིན་པ་དང“ཝེ”ཞེས་པ་དབྱི་ཐ་ལིའི་རུས་མིང་དང“མོ་ལིས”ཞེས་པ་ཁོང་གིས་སོ་སོར་བཏགས་པའི་རྒྱ་ཡིག་གི་མིང་ཡིན་པ་རེད།
         “ང་ཀྲུང་གོར་དགའ་ཞེན་ཆེན་པོ་ཡོད”མོ་ལིས་ཀྱིས་ཁོང་དང་ཀྲུང་གོའི་དབར་སྔར་ནས་ལས་དབང་བཟང་པོ་ཞིག་ཡོད་པའི་ཚོར་སྣང་ཡོང་གི་ཡོད། སློབ་འབྲིང་འགྲིམས་སྐབས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་དེབ་གཅིག་བལྟས་པ་ལས་གནའ་བོའི་ཤར་ཕྱོགས་རྒྱལ་ཁབ་ཆེན་པོ་འདིར་ཕྱོགས་པའི་སེམས་སྐྱེས་བྱུང་ཡོད། 2009ལོར་མཐོ་རིམ་སློབ་གྲྭ་ཐོན་རྗེས་མོ་ལི་ཀྲུང་གོར་སླེབས་པ་དང་པེ་ཅིང་སྐད་ཡིག་སློབ་ཆེན་དུ་སློབ་དུས་གཅིག་རིང་རྒྱ་ཡིག་སྦྱོང་རྩིས་བྱས་མོད། འོན་ཀྱང་ཁོང་ཀྲུང་གོར་དགའ་ཐག་ཆོད་སྟབས་འཆར་གཞི་ཡང་ཡང་འགྱུར་དགོས་བྱུང་ཡོད། “2014ལོར་ངས་རྒྱ་ཡིག་གི་ཐོག་ནས་རབ་འབྱམས་པའི་དཔྱད་རྩོམ་ལེགས་གྲུབ་ཟིན་སྐབས་སེམས་ནང་འདོད་པ་ཁེངས་ཚོར་དང་གྲུབ་འབྲས་ཐོབ་ཚོར་ཧ་ཅང་ཆེན་པོ་བྱུང”
        མོ་ལིས་ཀྲུང་གོའི་ས་གནས་ཁག་ཏུ་ཡུལ་སྐོར་བྱེད་པར་འགྲོ་རྒྱུར་དགའ་པོ་ཡོད། “ཀྲུང་གོར་རང་ཉིད་ལ་ཉེན་ཁ་གང་ཡང་འཕྲད་མྱོང་མེད། ངས་རྟག་ཏུ་རང་ཉིད་གཅིག་པུ་མཚན་གུང་གི་མེ་འཁོར་སྡོད་ཀྱི་ཡོད་རུང་། ལམ་ཆས་བོར་དོགས་ཀྱི་སེམས་ཁྲལ་བྱེད་པའམ་ཡང་ན་སྐྲག་སྣང་སྐྱེ་འོས་པའི་གནས་ཚུལ་གཞན་འཕྲད་དོགས་ཀྱི་སེམས་ཁྲལ་གཏན་ནས་མི་འདུག འོན་ཀྱང་དབྱི་ཐ་ལིར་བུ་མོ་ཚོས་དེ་ལྟར་བྱེད་ཕོད་ཀྱི་མེད”
         མོ་ལིས“ཀྲུང་གོ་བའི་སེམས་ཁམས་ཡངས་པ་དང་མཐོང་རྒྱ་ཆེ་ལ་རྒྱལ་ཁབ་དང་མི་རིགས་གཞན་དག་གི་ཕུལ་བྱུང་ཤེས་དཔལ་གྲུབ་འབྲས་མཐའ་དག་སློབ་སྦྱོང་དང་བསྡུ་ལེན་བྱེད་མཁས་པོ་ཡོད་ལ། ལྷག་པར་དུ་བསྟུན་མཁས་དང་ཡར་བརྩོན་ཆེ་ལ་བློ་གྲོས་ལྡན་པ་ཞིག་ཡོད་པའི”ངོས་འཛིན་བྱེད་ཀྱི་ཡོད། དེ་ལྟར་མོ་ལིས་རང་ཉིད་ཀྱི་འབྱུང་འགྱུར་དང་ཀྲུང་གོའི་འཕེལ་རྒྱས་འབྲེལ་བ་དམ་ཟབ་བྱེད་ཅིང“ཀྲུང་གོའི་འགོ་ཁྲིད་པ་དང་མི་སེར་ཚང་མས་འབྱུང་འགྱུར་ལ་སྤྲོ་སྣང་དང་ཡིད་ཆེས་ཀྱིས་ཁེངས་ཡོད་ལ་ཀྲུང་གོས་འཛམ་གླིང་ལ་འོད་ཟེར་དང་རེ་བ་སྦྱིན་ངེས་རེད”
         སྟབས་ལེགས་པར་ངས་ཡང་དག་པའི་གདམ་ག་ཞིག་བྱས་འདུག
          “ངས་ཀྲུང་གོའི་འཕེལ་རྒྱས་མིག་མཐོང་ལག་ཟིན་ཐུབ་པ་དང་ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་བྱས་པ་མ་ཟད་ཀྲུང་གོ་བའི་སྙིང་རུས་དང་མཛའ་གྲོགས་འཆམ་མཐུན་ལ་དགའ་པོ་ཡོད”བྷེ་ཨུ་རུ་སུའི་བུ་མོ་ཨ་ན་སི་ཐ་ཤིས་ཡ·མ་ཤིས་ཁོའོ་ཡིས་རང་ཉིད་ཀྱི་ཀྲུང་གོའི་གཏམ་རྒྱུད་གླེང་སྐབས་སྤོབས་སེམས་ཆེན་པོ་བྱེད་པ་མངོན་ཐུབ། ཁོང་སློབ་གྲྭ་ཆེ་མོར་བསྐྱོད་རྗེས་རྒྱ་ཡིག་སྦྱོང་འགོ་ཚུགས་པ་དང་རྗེས་སུ་ཁོང་ཀྲུང་གོར་སློབ་སྦྱོང་དང་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་བར་ཡོང་བ་མ་ཟད་ད་དུང་ཀྲུང་གོའི་ཉམས་དོད་པའི་ཕོ་གསར་ཞིག་དང་ངོ་ཤེས་བྱུང་ནས་བརྩེ་དུང་ཆགས་ཏེ་ད་ཆ་ཁོང་གཉིས་པོར་ཕྲུ་གུའང་ཡོད་པ་རེད།
         ལོ་བརྒྱད་གོང་ཨ་ན་སི་ཐ་ཤིས་ཡ་བྷེ་ཨུ་རུ་སུའི་རྒྱལ་བཙུགས་སློབ་ཆེན་གྱི་བརྗེ་རེས་སློབ་མའི་ཐོབ་ཐང་ཐོག་ནས་ནན་ཅིང་སློབ་ཆེན་དུ་ལོ་གཅིག་སློབ་སྦྱོང་བྱེད་པར་ཡོང་། “ལོ་དེའི་དབྱར་ཁ་ཨ་རིར་འགྲོ་རྩིས་བྱས་ཏེ་ཨ་རིའི་ཐོངས་མཆན་ཡང་ལག་ཏུ་རག་མོད། རང་ཉིད་ཀྱི་བག་ཆགས་ནང་ཀྲུང་གོ་དར་རྒྱས་ཆེན་པོ་དེ་ཙམ་མེད་པ་ཞིག་ཡིན་སྟབས་ཀྲུང་གོར་སློབ་སྦྱོང་བྱེད་པར་འགྲོ་རྒྱུའི་སྐོར་གྱི་སློབ་གྲྭའི་བརྡ་ཐོ་འབྱོར་རྗེས་ངས་ཀྱང་ཐེ་ཚོམ་བྱེད་མྱོང་ཡོད། ཡིན་ནའང་མཐར་ངས་ཡང་དག་པའི་གདམ་ག་བྱས་འདུག ཀྲུང་གོར་སླེབས་པས་འདི་གར་དགའ་ཞེན་ཆེན་པོ་སྐྱེས་བྱུང”
         ཨ་ན་སི་ཐ་ཤིས་ཡ་2011ལོར་སློབ་གྲྭ་ཆེ་མོ་ཐོན་རྗེས་སླར་ཡང་ཀྲུང་གོའི་ས་གནས་མང་པོར་ཕྱིན་པ་མ་ཟད་ད་དུང་གྲོང་ཁྱེར་ཁ་ཤས་སུ་ལས་ཀའང་ལོ་ཁ་ཤས་བྱེད་མྱོང་ཡོད། “ང་རང་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་བཅས་གྲོང་ཁྱེར་ཆེ་གྲས་སུ་འགྲོ་མྱོང་ལ་ཕུ་ཧྲན་དང་། ཧྲན་ཐའོ། དབྱི་ཝུའུ། ཉིང་ཕོ། ཅི་ནན་སོགས་འབྲིང་རིམ་གྲོང་ཁྱེར་དུའང་འགྲོ་མྱོང་བ་མ་ཟད་ཀྲུང་གོའི་གྲོང་གསེབ་ཁ་ཤས་སུ་སླེབས་མྱོང་། གྲོང་ཁྱེར་རམ་ཡང་ན་གྲོང་གསེབ་ཚང་མར་འཕེལ་རྒྱས་ཆེན་པོ་ཕྱིན་ནས་ཀྲུང་གོར་སླེབས་རིམ་བཞིན་འཕེལ་རྒྱས་ཆེན་པོ་བྱུང་བའི་ཚོར་སྣང་ཡོང་གི་འདུག”

    “ཀྲུང་གོའི་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་མ་ལག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་གྲོང་ཁྱེར་མང་པོ་ཞིག་ལ་ས་འོག་ལྕགས་ལམ་ཡོད། ད་ཆ་རྐང་འཁོར་དང་རླངས་འཁོར་མཉམ་སྤྱོད་བྱེད་པའི་རྣམ་པ་ཡང་ཐོན་ཡོད”ཨ་ན་སི་ཐ་ཤི་ཡས་གསར་འགོད་པར་དྲ་ཐོག་ནས་ཅ་དངོས་གང་དགོས་ཉོ་ཐུབ་པ་དང་། བྱ་བ་མང་པོ་ཞིག་ལག་ཐོགས་ཁ་པར་ཐོག་ནས་སྒྲུབ་ཐུབ་པ་མ་ཟད། ཁྲོམ་ལ་འགྲོ་དགོས་ན་དངུལ་ཁུག་འཁྱེར་མི་དགོས་པས་ཧ་ཅང་སྟབས་བདེ་འདུག་ཅེས་བཤད་བྱུང།

    “ཀྲུང་གོར་འཚོ་བ་སྐྱེལ་སྐབས་བདེ་འཇགས་ཚོར་སེམས་ཧ་ཅང་ཆེན་པོ་འདུག”

    མོ་ཞི་ཁོའི་བུ་མོ་ལེ་པེ་གཱ·ཁང་ཐེ་ལེ་ལ་སི་དང་ཕ་ཁི་སི་ཐན་གྱི་ཕོ་གཞོན་ཨ་སི་ལན་ནི་འདི་ག་ཚགས་པར་གྱི་གསར་འགོད་པས་དཔེ་དེབ་གསར་པ་ཁྱབ་བསྒྲགས་བྱེད་པའི་ཚོགས་འདུ་ཞིག་གི་ཐོག་ནས་ངོ་ཤེས་པའི་ཕྱི་སྦྱོང་སློབ་མ་གཉིས་ཡིན།

    ལེ་པེ་ཁ་2014ལོར་པེ་ཅིང་དུ་བསྐྱོད་ནས་པེ་ཅིང་སྐད་ཡིག་སློབ་ཆེན་གྱི་རྒྱ་ཡིག་རྒྱལ་སྤྱིའི་སློབ་གསོའི་རབ་འབྱམས་པའི་ཆེད་ལས་སློབ་སྦྱོང་བྱས་པ་དང་ཟླ་དྲུག་པར་སློབ་གྲྭ་ཐོན་རྒྱུ་རེད། ཨ་སི་ལན་ཧྭ་ཏུང་དགེ་འོས་སློབ་ཆེན་གྱི་རྒྱ་ཡིག་རྒྱལ་སྤྱིའི་སློབ་གསོའི་ཆེད་ལས་སུ་རབ་འབྱམས་པའི་སློབ་གནས་ལ་བརྩོན་བཞིན་ཡོད་པ་རེད།

    ཀྲུང་གོར་འཚོ་བ་སྐྱེལ་བའི་མྱོང་ཚོར་སྐོར་གླེང་སྐབས་ལེ་པེ་ཁ་ཡིས་ཀྲུང་གོའི་གྲོགས་པོའི་སེམས་རྩ་འཁོལ་བ་དང་མཛའ་བརྩེ། ཀྲུང་གོའི་འཚོ་བའི་སྟབས་བདེ་དང་བདེ་འཇགས་སྐོར་གླེང་བཞིན་ཁོང་ཀྲུང་གོ་ནས་བྲལ་མི་ཕོད་པའི་སྣང་བ་ཞིག་ཡོང་གི་འདུག་ཅེས་བརྗོད་བྱུང་། ཁོང་གིས་མོ་སི་ཁོ་དང་བསྡུར་ན་ཀྲུང་གོར་འཚོ་བ་བསྐྱལ་ན་ཧ་ཅང་བློ་བདེ་པོ་འདུག་ཅེས་བརྗོད་བྱུང་། ཨ་སི་ལན་དེ་སྔ་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོར་བསྐྱོད་མྱོང་ཞིང་། ཁོང་གིས“ཀྲུང་གོ་ནི་བདེ་འཇགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད་འདུག”ཅེས་བརྗོད་བྱུང་།

    ཀྲུང་གོར་འཚོ་བ་སྐྱེལ་རིང་སྒུལ་བདེའི་ཁ་པར་ཐོག་ནས་གཏོང་སྤྲོད་བྱེད་པའི་བྱེད་ཐབས་ཀྱིས་ལེ་པེ་ཁ་ལ་སྟབས་བདེ་ཆེན་པོ་བྱུང་ཡོད། ད་ཆ་ལེ་པེ་ཁ་ཕྱིར་ཐོན་ན་ལག་ཐོགས་ཁ་པར་འཁྱེར་ན་འགྲིག་གི་ཡོད། སྟབས་བདེའི་འཚོ་བ་དེ་དག་དར་རྒྱས་ཆེ་བའི་རྒྱལ་ཁབ་མང་པོས་བསྡུར་ཐབས་བྲལ། ཐག་ཉེ་སར་སྐྱོད་དགོས་ན་རྐང་འཁོར་བཞོན་ཆོག་པ་དང་ཐག་རིང་སར་སྐྱོད་དགོས་ན་མྱུར་བགྲོད་ལྕགས་ལམ་སྡོད་ཆོག་པ་མ་ཟད། གྱོན་གོས་ཉོ་སྐབས་ཀྱང་ཨ་སི་ལན་གྱིས་ཀྲུང་གོའི་སློབ་གྲོགས་གཞན་ཚོ་དང་འདྲ་བར་དྲ་ཐོག་ནས་ཉོ་གི་ཡོད། ཁོང་གིས་ཀྲུང་གོའི་གསར་གཏོད་ཆེན་པོ་གསར་པ་བཞི་ཕྱོགས་སྡོམ་བྱས་པ་དེ་དག་ནི་མྱུར་བགྲོད་ལྕགས་ལམ་དང་། གཏོང་སྤྲོད་འབོ། མཉམ་སྤྱོད་རྐང་འཁོར། དྲ་ཐོག་ནས་དངོས་པོ་ཉོ་བ་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།