འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་ཞིང་པ་ལས་མིའི་གླ་ཆ་འགན་ལེན་བྱ་རྒྱུ་སྲིད་གཞུང་གི་དཔྱད་ཞིབ་ནང་འཇུག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་18ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་ཉིན་ཤས་གོང་《ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་སྔར་བས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར་འགའ་》བཏོན་ཏེ། འགན་འཁྲི་དོན་འཁྱོལ་ལམ་སྲོལ་དང་། གླ་ཆ་འགྱངས་ཆད་གནད་དོན་གྱི་འབྱུང་རྩ་བཅོས་སྒྲིག་ལམ་སྲོལ། གླ་ཆ་གཏོང་སྤྲོད་ལྟ་སྐུལ་ཚོད་འཛིན་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་གཏོང་བ་མ་ཟད། ཡིད་རྟོན་ཅན་ལ་སྐུལ་ལྕག་དང་ཡིད་རྟོན་མེད་པར་ཆད་གཅོད་བསླབས་འདོམས་བྱེད་པའི་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་གཏོང་བ། སྡེ་ཚན་དབར་གྱི་མཉམ་འགུལ་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་བྱེད་ཐབས་བཏོན་ཐོག་ཞིང་པ་ལས་མིའི་གླ་ཆ་འགན་ལེན་བྱ་རྒྱུ་དེ་རིམ་ཁག་སྲིད་གཞུང་གི་དཔྱད་ཞིབ་གདེང་འཇོག་དམིགས་ཚད་མ་ལག་ནང་བཅུག་ནས། ཞིང་པ་ལས་མིའི་རང་མིང་འགོད་ལམ་གྱི་དོ་དམ་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཟླ་བ་རེ་རེ་བཞིན་ཞིང་པ་ལས་མི་སྒེར་ལ་གླ་ཆའི་རྩིས་ཁྲ་མཁོ་འདོན་བྱ་རྒྱུ་ཡིན་པ་དེར་ཞིང་པ་ལས་མི་རང་གིས་མིང་རྟགས་བཀོད་དེ་ལོ་གཉིས་རིང་དཔྱད་གཞིར་ཉར་ཚགས་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
          《བསམ་འཆར་》ནང་། “གཏོགས་ཁོངས་དོ་དམ་བྱ་རྒྱུ་དང་། རིམ་དབྱེའི་འགན་འཁུར་རྒྱུ། སུས་གཙོ་གཉེར་བྱས་ན་དེས་འགན་འཁུར་རྒྱུ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཐོག་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་འགན་འཁུར་རྒྱུ་དང་ཀྲོའུ་དང་། གྲོང་ཁྱེར། རྫོང་། ཆུས་ཁག་གི་མི་དམངས་སྲིད་གཞུང་གིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་ཐག་གཅོད་བྱེད་འགན་འཁུར་བ་དང་། དམིགས་ཚད་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཞིང་པ་ལས་མིའི་གླ་ཆ་འགན་ལེན་བྱ་རྒྱུ་དེ་རིམ་ཁག་སྲིད་གཞུང་གི་དཔྱད་ཞིབ་གདེང་འཇོག་དམིགས་ཚད་མ་ལག་ནང་འཇུག་པ། རིམ་པ་གོང་མའི་སྲིད་གཞུང་གིས་རིམ་པ་འོག་མའི་སྲིད་གཞུང་དང་རིམ་པ་དེ་གའི་འབྲེལ་ཡོད་སྡེ་ཚན་དབར་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་ནས་འགན་འཁྲི་དོན་འཁྱོལ་བྱེད་པ་དང་སྦྲགས་ཞིབ་བཤེར་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ། གླ་ཆ་འགྱངས་ཆད་གནད་དོན་གྱིས་རྐྱེན་མི་དཔུང་ཁྱུ་སྒྲིག་དོན་རྐྱེན་ཚབས་ཆེན་ནམ་ཡང་ན་ཐལ་དྲགས་པའི་གྱོད་གཞི་(དོན་རྐྱེན)ཐོན་པའི་ས་ཁུལ་གྱི་དཔྱད་ཞིབ་རྣམ་གྲངས་དེར་སྤ་སེ་གཅིག་གིས་ཁྲ་སློག་པ་བཅས་བྱེད་དགོས་ཞེས་འཁོད་ཡོད་པ་རེད།
          དེ་དང་ཆབས་ཅིག་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་འོས་སྐུལ་འོས་དཔོད་དང་། ཞིབ་མཆན་འགོད་པ། ལས་སྒྲུབ་བཅས་ཀྱི་ཆོག་འཐུས་དོ་དམ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་དགོས་པ་སྟེ། ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་འོས་སྐུལ་འོས་དཔོད་གླ་ཆ་གཏོང་སྤྲོད་ཀྱི་ཡིད་རྟོན་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཐོག་ཉེ་བའི་ལོ་གསུམ་རིང་གླ་ཆ་འགྱངས་ཆད་དམ་ཡང་ན་གླ་ཆ་འགྱངས་ཆད་ཀྱིས་རྐྱེན་པའི་ཁྱུ་སྒྲིག་རང་བཞིན་གྱི་དོན་རྐྱེན་ཐོན་པའི་ཨར་སྐྲུན་ཁེ་ལས་ལ། དོན་རྐྱེན་གྱི་ཚབས་ཆེ་ཆུང་གཞིར་བཟུང་ནས་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་འོས་སྐུལ་འོས་དཔོད་དཔྱད་ཞིབ་བྱེད་སྐབས་སྐར་མ་འཐེན་པ་དང་། གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་ལྡན་པའི་ཨར་སྐྲུན་ཁེ་ལས་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་འོས་དཔོད་ནང་ཞུགས་མི་ཆོག་པ་དང་། འོས་ཐོན་བྱུང་བའི་ཁེ་ལས་ཀྱི་འོས་ཐོན་ཐོབ་ཐང་མེད་པ་བཟོ་བ་བཅས་བྱེད་དགོས། ཞིང་པ་ལས་མིའི་རང་མིང་འགོད་ལམ་གྱི་དོ་དམ་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་སྟེ། སྤྱིའི་འགན་གཙང་ལེན་མཁན་ཁེ་ལས་དང་ལས་གྲྭའི་རྣམ་གྲངས་པུའུ་གཉིས་ཀྱིས་ངལ་རྩོལ་གླ་ཆར་ཆེད་དོན་དོ་དམ་པ་བཀོད་སྒྲིག་བྱས་ཐོག་ཞིང་པ་ལས་མིའི་ཐོབ་ཐང་ཆ་འཕྲིན་བདེན་མིན་ཞིབ་དཔྱད་དང་། ཨར་སྐྲུན་བྱ་ཡུལ་གྱི་ངལ་དོན་མི་སྣ་ཡོངས་ཀྱི་མིང་བཤེར་ཐོ་བཟོ་བ། ཞིང་པ་ལས་མིའི་ལས་ཞུགས་དང་གླ་ཆ་གཏོང་སྤྲོད་གནས་ཚུལ་སོགས་ཀྱི་དོ་དམ་རྩིས་ཁྲ་བཟོ་བ་བཅས་བྱས་ནས་ཟླ་བ་རེ་རེ་བཞིན་ཞིང་པ་ལས་མི་སྒེར་ལ་གླ་ཆའི་རྩིས་ཁྲ་སྤྲོད་རྒྱུ་ཡིན་པ་དེར་ཞིང་པ་ལས་མི་རང་གིས་མིང་རྟགས་བཀོད་དེ་ལོ་གཉིས་རིང་དཔྱད་གཞིར་ཉར་དགོས་པ་དང་། རིམ་ཁག་ལས་གྲྭ་འཛུགས་སྐྲུན་ལས་རིགས་ཀྱི་གཙོ་གཉེར་སྡེ་ཚན་ཁག་གིས་སོ་སོའི་ལས་རིགས་དེའི་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཞིང་པ་ལས་མིའི་རང་མིང་འགོད་ལམ་གྱི་དོ་དམ་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་འགན་འཁུར་ནས་རང་མིང་འགོད་ལམ་གྱི་ལམ་ལུགས་ཀྱི་ཆ་འཕྲིན་ཅན་དོ་དམ་རིམ་བཞིན་མངོན་འགྱུར་བྱེད་དགོས་པ་རེད།
          གཞན་ཡང་། 《བསམ་འཆར་》ནང་། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ནང་དུ“གླ་ཆ་འགྱངས་ཆད་མེད་པའི་རྣམ་གྲངས་པུའུ”དང“གླ་ཆ་འགྱངས་ཆད་མེད་པའི་ཁེ་ལས”གཏོད་པའི་བྱེད་སྒོ་སྤེལ་བ་དང་། གླ་ཆ་འགྱངས་ཆད་ཁེ་ལས་ཀྱི་མིང་གཞུང་ནག་པོའི་ལམ་ལུགས་བཟོ་བ། གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་ཡོངས་བསྒྲགས་བྱེད་པ། ས་ཁོངས་བརྒལ་བའི་ཁྲིམས་བསྟར་དབང་སྲུང་མཉམ་སྒྲུབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་འཁོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།