འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ནོར་ལྷའི་ཕྱུག་འགྱུར་ཐབས་ལམ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ནོར་ལྷའི་ཕྱུག་འགྱུར་ཐབས་ལམ།
         ནོར་ལྷ་ནི་བོད་ལྗོངས་ནག་ཆུ་འབྲི་རུ་རྫོང་ཟླ་ཐང་ཤང་གི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། མིག་སྔར་ཁོང་ཧྲང་ཧའེ་བཟོ་བཀོད་ལག་རྩལ་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་ཡོད།
         ཉིན་ཞིག ཁོང་དང་སློབ་གྲོགས་འཁྲུག་ཆ་དོད་པའི་ཧྲང་ཧའེ་ཁྲོམ་གཞུང་དུ་སྐྱོད་སྐབས། “བོད་ལྗོངས་ནག་ཆུའི་དབྱར་རྩྭ་དགུན་འབུ”ཚོང་ཁང་ཞིག་ཡོད་པ་མཐོང་། ཁོང་གཉིས་ཚོང་ཁང་ནང་འཛུལ་ནས་འདྲི་རྩད་བྱས་རྗེས། ཁོང་ཚོས་ཚོང་བའི་དབྱར་རྩྭ་དགུན་འབུ་རིན་གོང་ཕ་ཡུལ་ལས་མཐོ་བ་མ་ཟད། ད་དུང་སྤུས་ཚད་ཕ་ཡུལ་ལས་ཞན་པ་ཡོད་པ་ཤེས་རྗེས་ནོར་ལྷར་བྱ་གཞག་ཅིག་གཏོད་པའི་བསམ་བློ་འཁོར། ཁོང་གིས་ཕ་ཡུལ་གྱི་སྤུས་ལེགས་དབྱར་རྩྭ་དགུན་འབུ་ཧོང་ཕུ་གཙང་འགྲམ་དུ་འཁྱེར་ནས་རང་ཉིད་ལ་དབང་བའི་ནག་ཆུའི་དབྱར་རྩྭ་དགུན་འབུ་སྤུས་རྟགས་ཤིག་གཏོད་རྒྱུའི་སེམས་ཐག་བཅད།
         དང་ཐོག་ཉམས་མྱོང་མེད་ལ། མི་མང་པོ་ངོ་མི་ཤེས་པས་འབུ་ཚོང་དེ་ཁྲོམ་གཞུང་གང་སར་བསྐྱོད་ནས་འགྲོ་འོང་བྱེད་མཁན་ལ་འབུ་ཉོ་མིན་སྐད་ཆ་འདྲི་རྒྱུ་ལས་མ་འདས། “རང་ཉིད་ཀྱི་ཐོན་རྫས་བྲིན་ཚོང་བྱེད་པར་དངོས་འབྲེལ་ལས་སླ་པོ་མི་འདུག དྲ་ཐོག་ཏུ་རྩོམ་མང་པོ་བྲིས་ནས་ཁྱབ་གདལ་གཏོང་དགོས་པ་མ་ཟད། ད་དུང་དྲ་འོག་ཏུ་ཚོང་པ་ཡང་ཡང་བཙལ་ནས་མཉམ་ལས་བྱེད་དགོས་ཀྱི་འདུག”ཅེས་ནོར་ལྷས་བཤད། དུས་ཐུང་ལོ་གཅིག་ནང་ཁོང་གིས་ཧྲང་ཧའེ་ཡི་དབྱར་རྩྭ་དགུན་འབུའི་ཚོང་ཁང་ཡོངས་ལ་བསྐྱོད་པ་རེད།
         མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད་ཅེས་པ་ལྟར། “ལོ་གསུམ་ནང་འབུ་ཚོང་ལ་ལམ་འགྲོ་རྒྱུག་སོང་། 2016ལོར་ངས་སྒོར་ཁྲི་50རི་བའི་དབྱར་རྩྭ་དགུན་འབུ་བཙོངས་པ་ཡིན། ང་རང་ཐོག་མར་བྱ་གཞག་གཏོད་པའི་དམིགས་ཡུལ་སྟབས་བདེ་ཡིན་པ་དེ་ནི་རང་ཉིད་ཀྱི་འབད་བརྩོན་བརྒྱུད་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་པའི་ལྗང་མདོག་ཐོན་རྫས་ས་མཐོ་ནས་འཛམ་གླིང་དུ་ཁྱབ་གདལ་གཏོང་རྒྱུ་དེ་ཡིན”ཞེས་ནོར་ལྷས་སྤོབས་པ་ཆེན་པོས་བཤད། འདི་ནི་ཧྲང་ཧའེ་བཟོ་བཀོད་ལག་རྩལ་སློབ་ཆེན་གྱི་སློབ་མའི་ཉལ་ཁང་ནང་ནོར་ལྷས་བོད་ནས་བསྐུར་ཡོང་བའི་དབྱར་རྩྭ་དགུན་འབུ་ཐུམ་སྒྲིལ་རྒྱག་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།