འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨ་རིའི་རྩེར་སོན་ཇུས་འདོན་ཚོགས་པའི་བགྲོ་གླེང་ཚོགས་འདུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་གོ་དང་ཨ་རིའི་རྩེར་སོན་ཇུས་འདོན་ཚོགས་པའི་བགྲོ་གླེང་ཚོགས་འདུའི་བྱེད་སྒོ་ཐོག་མ་དེ་ཚེས་12ཉིན་ཨ་རིའི་ཨའེ་ཨའོ་ཝ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་མེ་ཏེ་དབྱིན་གྲོང་ཁྱེར་དུ་གཉེར་བ་རེད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ནས་ཡོང་བའི་ཇུས་འདོན་ཚོགས་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་20ལྷག་ཙམ་གྱིས་མཚོ་མཚེའུ་གཞིས་ཀའི་ཐུག་འཕྲད་གནང་རྗེས་ཀྱི་ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས། ཞིང་ཆེན་དང་ཀྲོའུ་མཉམ་ལས་དང་སྤེལ་རེས་སོགས་ཀྱི་གླེང་གཞིའི་ཐད་བགྲོ་གླེང་གཏིང་ཟབ་བྱས་ནས་ཐབས་འདོན་ཇུས་འདོན་བྱས་ཡོད་པ་རེད།
         ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་དེ་སྔའི་ཀྲུའུ་རེན་ཀྲའོ་ཆི་ཀྲེང་གིས་བགྲོ་གླེང་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུང་སྐབས་ཀྲུང་གོ་དང་ཨ་རིའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་38སོང་ཚུན་རྒྱལ་ཁབ་གཉིས་པོའི་གཉིས་ཁེ་གཉིས་ཕན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གོང་འཕེལ་མྱུར་པོ་བྱུང་བ་དེ་ནི་ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བ་གོང་འཕེལ་བྱུང་བའི་མཚོན་ཚུལ་ཞིག་ཡིན་ལ་ཀྲུང་གོ་དང་ཨ་རིའི་དབར་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་ཞིག་ཀྱང་རེད།
         “ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་འབྲེལ་བར་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོ་དང་ཨ་རིའི་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་གོ་སྐབས་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་སྔོག་འདོན་བྱེད་བཞིན་ཡོད་པས་མདུན་ལམ་ཧ་ཅང་བཟང་པོ་ཡོད”ཅེས་ཀྲའོ་ཆི་ཀྲེང་གིས་བཤད།
         ཀྲུང་གོ་དང་ཨ་རིའི་དབར་གྱི་ཚོང་དོན་ཧེ་བག་གི་གནད་དོན་སྐོར་གླེང་སྐབས་ཀྲའོ་ཆི་ཀྲེང་གིས་ཀྲུང་གོ་དང་ཨ་རིའི་དབར་གྱི་ཚོང་ཟོག་ཉོ་ཚོང་ཐད་ཀྲུང་གོས་དུས་ཡུན་རིང་པོའི་ནང་གཏོང་མང་ཡོང་ཉུང་གི་ཧེ་བག་ལ་བརྟེན་ནས་ཚོང་དོན་ལ་ཞབས་འདེགས་ཞུ་ཡི་ཡོད། ཨ་རིས་དུས་ཡུན་རིང་པོའི་ནང་གཏོང་མང་ཡོང་ཉུང་གི་ཧེ་བག་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་ཀྱང་ཚོང་དོན་གྱི་ཆད་འབོར་གང་ཐུབ་ངང་ཆུང་དུ་གཏོང་བཞིན་ཡོད། འདི་ལོ་ཟླ་4པར་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གཙོ་བདག་མཚོ་མཚེའུ་གཞིས་ཀར་ཐུག་འཕྲད་གནང་སྐབས་ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་རིའི་དབར་གྱི་དཔལ་འབྱོར་མཉམ་ལས་ཀྱི་ཉིན་བརྒྱའི་འཆར་གཞིར་སྔ་ཙམ་གྲུབ་འབྲས་ཐོབ་པ་དང་གོམ་སྟབས་རྗེས་མའི་དམིགས་ཚད་ཐད་ཐུན་མོང་གི་ངོས་འཛིན་གྲུབ་སྟེ་ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཐད་རྨང་གཞི་བཟང་པོ་བཏིང་ཡོད་ཅེས་བརྗོད་པ་རེད།
         ཀྲུང་གོ་དང་ཨ་རིའི་རྩེར་སོན་ཇུས་འདོན་ཚོགས་པའི་བགྲོ་གླེང་ཚོགས་འདུ་དེ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་། ཀྲུང་གོ་དེང་རབས་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་ཁང་། འཛམ་གླིང་འབྲུ་རིགས་བྱ་དགའི་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།