འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མཚོ་དམག་གི་རྒྱང་སྐྱོད་འཚམས་འདྲིའི་དཔུང་རུ་ཕ་ཁི་སི་ཐན་དུ་འབྱོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན། རྒྱང་སྐྱོད་འཚམས་འདྲིའི་ལས་འགན་འཁུར་མཁན་གྱི་ཀྲུང་གོའི་མཚོ་དམག་དམག་གྲུའི་དཔུང་རུ་ས་གནས་དེ་གའི་དུས་ཚོད་ཚེས་10ཉིན་གྱི་སྔ་དྲོ་ད་ཐེངས་ཀྱི་འཚམས་འདྲི་ཞུ་ཚིགས་བདུན་པ་སྟེ། ཕ་ཁི་སི་ཐན་གྱི་གྲོང་ཁྱེར་ཁཱ་ལཱ་ཆི་རུ་འབྱོར་ནས་དུས་ཡུན་ཉིན་བཞིའི་མཛའ་གྲོགས་འཚམས་འདྲི་བྱེད་འགོ་ཚུགས་པ་རེད།
         ཕ་ཁི་སི་ཐན་མཚོ་དམག་མཐར་སྐྲོད་དམག་གྲུའི་ཉིང་ལག་རུ་ཁག་གི་རུ་དཔོན་ཀྲུང་ཅང་དམག་དཔོན་ཀྲ་ཁཱ་དང་ཆུ་འཛུལ་དམག་གྲུའི་དཔུང་སྡེའི་སི་ལིང་ཀྲུན་ཅང་དམག་དཔོན་སཱ་མན་ཏེ་དང་། ཕ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་སུན་ཝུའེ་ཏུང་། གཞུང་ཚབ་ཁང་གི་ལས་དོན་པ་དང་ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱི་སྦྱོང་སློབ་མ། ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིའི་འཐུས་མི། ཕ་ཁི་སི་ཐན་མཚོ་དམག་གི་དཔོན་དམག་འཐུས་མི་སོགས་མི་200ལྷག་གིས་གྲུ་ཁར་བསུ་བ་ཞུས་པ་རེད།
         ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་མཚོ་དམག་དམག་གྲུའི་དཔུང་རུ་འཚམས་འདྲིར་སླེབས་པར་དགའ་བསུ་ཞུ་བའི་མཛད་སྒོའི་ཐོག ཀྲུང་གོའི་མཚོ་དམག་དམག་གྲུའི་དཔུང་རུའི་བཀོད་འདོམས་པ་མཚོ་དམག་གི་ཧྲའོ་ཅང་དམག་དཔོན་ཧྲེང་ཧའོ་ཡིས། ལོ་30ཡི་གོང་དུ་ཀྲུང་གོའི་མཚོ་དམག་གིས་རྒྱང་སྐྱོད་ཐེངས་དང་པོ་བྱས་ནས་ཕ་ཁི་སི་ཐན་དུ་འཚམས་འདྲི་ཞུ་བར་བསྐྱོད་པ་དང་ལོ་30རྗེས་ཀྱི་དེ་རིང་ང་ཚོ་སླར་ཡང་ཕ་ཁི་སི་ཐན་དུ་སླེབས་ཡོད། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་རྒྱུས་མངའ་དང་ཡིད་ཆེས་ཡོང་རྒྱུར་སྔར་བས་ཤུགས་སྣོན་ཐེབས་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་མཉམ་ལས་དང་མཛའ་བཤེས་སྔར་བས་ཟབ་ཏུ་འགྲོ་ངེས་ཡིན་པས། ཕ་ཁི་སི་ཐན་མཚོ་དམག་གིས་དངོས་སྒྲུབ་མཉམ་ལས་དང་སྤེལ་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་འཛམ་གླིང་ཞི་བདེ་དང་ས་གནས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ནས། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཕྱིར་དགེ་མཚན་ལྡན་པའི་ནུས་པ་འདོན་རེ་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།