འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅༎ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོ་ཞི་བདེ་འཕེལ་རྒྱས་འགྲོ་བར་སྐུལ་མ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་15ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་བདུན་པ་དེ་ཟླ་6ཚེས་8ནས་9ཉིན་བར་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ནར་འཚོགས་པ་དང་ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་གནས་ཚུལ་དང་། ལས་འགན་དང་མདུན་ལམ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་བཅས་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་སྦྲགས་ཐུན་མོང་གི་ངོས་འཛིན་ཡང་གྲུབ་ཡོད། དབུ་ཚོགས་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་རྒྱ་གར་དང་ཕ་ཁི་སི་ཐན་རྩ་འཛུགས་དེའི་ནང་དངོས་སུ་བཅུག་སྟེ་རྩ་འཛུགས་དེ་བཙུགས་ཚུན་གྱི་ཁོངས་མིའི་རྒྱལ་ཁབ་མང་དུ་གཏོང་ཐེངས་དང་པོ་རེད། དབྱེ་ཞིབ་མི་སྣས་དེ་ཐོག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་དེ་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད་པའི་ངོས་འཛིན་བྱས་པ་རེད།
         གཞི་ཁྱོན་ལྡན་པའི་ཤུགས་རྐྱེན་མངོན་གསལ་དོད་པོས་ཆེ་རུ་སོང་བ།
         ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་ཐོག་མར་ཁོངས་མིའི་རྒྱལ་ཁབ་6ཡོད། 2016ལོའི་ཟླ་6པར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཐ་ཧྲི་ཀན་དབུ་ཚོགས་ཐོག་རྒྱ་གར་དང་ཕ་ཁི་སི་ཐན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་ཞུགས་རྒྱུའི་འོས་འགན་སྐོར་གྱི་དྲན་ཐོར་མིང་རྟགས་བཀོད་པ་རེད། ད་ཐེངས་ཀྱི་ཨ་སི་ཐ་ནའི་དབུ་ཚོགས་ཐོག་ཁོངས་མིའི་རྒྱལ་ཁབ་དངོས་སུ་མང་དུ་གཏོང་བའི་གོ་རིམ་ལེགས་གྲུབ་ཟིན་པར་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད་པ་རེད།
         ད་ཐེངས་ཁོངས་མིའི་རྒྱལ་ཁབ་མང་དུ་བཏང་རྗེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ས་ཁམས་ཁྱབ་ཁོངས་དེ་ཨེ་ཤེ་ཡ་ལྷོ་མ་བར་རྒྱ་བསྐྱེད་བྱུང་བ་དང་། རྒྱ་ཁྱོན་གྱིས་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོའི་ལྔ་ཆ་གསུམ་བཟུང་བ། མི་འབོར་གྱིས་འཛམ་གླིང་གི་ཕྱེད་ཀ་ཙམ་བཟུང་སྟེ་ཁོངས་མིའི་རྒྱལ་ཁབ་ཀྱི་རྒྱ་ཁྱོན་ཆེ་ཤོས་དང་མི་འབོར་མང་ཤོས་ཡིན་པའི་ས་ཁུལ་རང་བཞིན་གྱི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་མཚོན་བྱེད་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་རྩ་འཛུགས་ཀྱི་བྱེད་སྒོའི་བར་མཐོངས་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།
         ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲའར་པ་ཡེ་ཕུའུ་ཡིས་དབུ་ཚོགས་ཐོག་ཨ་སི་ཐ་ནའི་དབུ་ཚོགས་དེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དུས་མཚམས་གསར་པ་འགོ་འཛུགས་རྒྱུ་དང་རྒྱ་གར་དང་ཕ་ཁི་སི་ཐན་དངོས་སུ་རྩ་འཛུགས་དེའི་ནང་ཞུགས་པ་དེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད་ཅེས་བརྗོད། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཁོངས་མིའི་རྒྱལ་ཁབ་མང་དུ་ཕྱིན་པ་དེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དངོས་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་ཆབས་ཅིག་རྩ་འཛུགས་དེའི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བརྗོད།
         བདེ་འཇགས་མཉམ་ལས་ཀྱི་ཕན་འབྲས་གཟེངས་སུ་ཐོན་པ།
         བདེ་འཇགས་གནད་དོན་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཡོངས་ཀྱི་ཐུན་མོང་དོ་ཁུར་བྱ་ཡུལ་ཞིག་ཡིན་པས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་འགན་ལེན་བྱ་རྒྱུ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དམིགས་ཡུལ་གཙོ་བོའི་གྲས་ཤིག་ཡིན་པས་ཁོངས་མིའི་རྒྱལ་ཁབ་ཁག་གིས་བདེ་འཇགས་ཁྱབ་ཁོངས་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་མཉམ་ལས་རབ་དང་རིམ་པ་སྤེལ་ཡོད།
         ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ས་ཁུལ་གྱི་འཇིགས་རྒོལ་སྒྲིག་གཞིའི་ལག་བསྟར་ཨུ་ལྷན་གྱི་ཀྲུའུ་རེན་སེ་སུའོ་ཡེ་ཕུའུ་ཡིས་དབུ་ཚོགས་ཐོག་སྒྲིག་གཞི་དེས་2016ལོར་གཏུམ་སྤྱོད་འཇིགས་སྐུལ་གྱི་ཕྱོགས་གཏོགས་དང་། ཆོས་ལུགས་ཀྱི་ཐལ་སྐྱོད་ཕྱོགས་གཏོགས། མི་རིགས་ཁ་ཕྲལ་ཕྱོགས་གཏོགས་བཅས"ཕྱོགས་གཏོགས་གསུམ"ལ་རྡུང་རྡེག་གཏོང་རྒྱུར་མུ་མཐུད་གཙོ་གནད་ཐོག་དམིགས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཁོངས་མིའི་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱི་བྱེད་སྤྱོད་ཡོད་པའི་ཉེས་གསོག་ཁྱོན་40ལྷག་ཙམ་མཉམ་དུ་བཀག་འགོག་བྱས་པའི་ནང་འཇིགས་སྐུལ་རིང་ལུགས་ཀྱི་ལྐོག་གཡོ་ཁག་16ཐལ་བའི་རྡུལ་དུ་བརླགས་ཡོད་ཅེས་བརྗོད།
         ཕུའུ་ཅིང་གིས་དབུ་ཚོགས་ཐོག་མིག་སྔར་འཇིགས་སྐུལ་རྩ་འཛུགས་དང་ཐལ་སྐྱོད་རྩ་འཛུགས་ཀྱིས་བྱེད་སྤྱོད་སྤེལ་ཚད་དེ་འཛམ་གླིང་ཁྱབ་ཁོངས་ནང་སྔར་ན་བྱུང་མྱོང་མེད་པའི་ཆེས་ཆེར་མང་དུ་འགྲོ་བཞིན་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་དཀའ་རྙོག་སེལ་རྒྱུའི་ཐད་ལས་དོན་ཧུར་ཐག་ངང་སྒྲུབ་བཞིན་ཡོད་ལ་ས་ཁུལ་གྱི་འཇིགས་རྒོལ་ཐད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་བཞིན་ཡོད་ཅེས་བརྗོད།
         ཧ་སག་སི་ཐན་གྱི་འཛམ་གླིང་གི་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་ནུའར་ཧྲ་ཡིས་མཉམ་ལས་རྩ་འཛུགས་དེ་བཙུགས་པའི་ཐོག་མར"ཕྱོགས་གཏོགས་གསུམ"ལ་རྡུང་རྡེག་གཏོང་རྒྱུ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཁོངས་མིའི་རྒྱལ་ཁབ་ཁག་གིས་དུས་ཚོད་ངེས་གཏན་ཐོག་བྱེད་སྒོ་སྤེལ་བ་དང་མཉམ་དུ་བྱ་སྤྱོད་སྤེལ་ནས་ཁྲིམས་འགལ་གྱི་མཚོན་ཆ་ལྐོག་ཚོང་རྒྱག་པའི་ཐབས་ལམ་མེད་པ་བཟོ་བ་དང་དུག་རྫས་ལྐོག་འཚོང་གི་བྱེད་སྤྱོད་ལ་རྡུང་རྡེག་བཏང་ནས་ཐལ་སྐྱོད་རྩ་འཛུགས་ཀྱི་ཁོངས་མི་དང་འགོ་པ་རྗེས་འདེད་འཛིན་བཟུང་བྱས་ཏེ་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་ཆེད་ལེགས་སྐྱེས་གལ་ཆེན་འབུལ་ཡོད་ཅེས་བརྗོད།
         ཛ་དྲག་པའི་བདེ་འཇགས་ཀྱི་ཚོད་བགམ་ལ་དམིགས་ཏེ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་ཐོག་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་རྒྱུའི་ཐད་ས་ཁུལ་གྱི་འཇིགས་རྒོལ་སྒྲིག་གཞི་འཛུགས་རྒྱུར་ཤུགས་སྣོན་དང་། འགོག་སྲུང་ལས་དོན་དང་བདེ་འཇགས་གླེང་སྟེགས་གཉེར་རྒྱུ། དྲ་ཐོག་འཇིགས་རྒོལ་གྱི་མཉམ་འབྲེལ་ནང་སྦྱོང་བྱེད་པ་སོགས་ཀྱི་གྲོས་འགོ་དང་འདོད་ཚུལ་བཏོན་གནང་བར་ཚོགས་ཞུགས་འཐུས་མི་ཚོའི་ངོས་འཛིན་གཅིག་མཐུན་བྱུང་བ་རེད།
         སྦྲེལ་མཐུད་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ།
         ཨ་སི་ཐ་ན་དབུ་ཚོགས་ཐོག་ཀྲུང་གོའི"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་དེ་ཧ་སག་སི་ཐན་གྱི"འོད་ཟེར་ལམ་བུའི"དཔལ་འབྱོར་གྱི་སྲིད་ཇུས་གསར་པ་དང་སྦྲེལ་མཐུད་དང་དེ་བཞིན"རྒྱུད་གཅིག་ལམ་གཅིག"བསྐྲུན་རྒྱུ་དེ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང་སྦྲེལ་མཐུད་ཡོང་བ་བྱས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་ཕྱོགས་མང་པོའི་མཉམ་ལས་དང་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཚོགས་ཞུགས་འཐུས་མི་ཚོས་མ་གྲོས་གཅིག་མཐུན་ངང་བཏོན་ཡོད།
         ན་ཀྲའར་པ་ཡེ་ཕུའུ་ཡིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་གནད་དོན་ཐད་དམིགས་བསལ་དོ་ཁུར་བྱེད་དགོས། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་དང"རྒྱུད་གཅིག་ལམ་གཅིག"བསྐྲུན་རྒྱུ་སྦྲེལ་མཐུད་བྱ་རྒྱུ་དེས་ས་ཁོངས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་མདུན་ལམ་བཟང་པོ་བྱུང་བ་དང་ཧ་སག་སི་ཐན་གྱིས་ཀྱང"འོད་ཟེར་ལམ་བུའི"དཔལ་འབྱོར་གྱི་སྲིད་ཇུས་གསར་པ་དང"རྒྱུད་གཅིག་ལམ་གཅིག"སྦྲེལ་མཐུད་ཀྱི་མཉམ་ལས་འཆར་གཞི་དོན་འཁྱོལ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད།
         ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་མང་དུ་བཏང་རྗེས་འཛམ་གླིང་གི་མི་འབོར་ཕྱེད་ཙམ་ལ་ཁྱབ་པས་འཕེལ་རྒྱས་ཀྱི་གོ་སྐབས་སྔར་བས་མང་བ་བྱུང་བ་མ་ཟད། དེའི་འཕེལ་རྒྱས་ཁ་ཕྱོགས་ཀྱིས་ཀྱང་གོ་ལ་ཧྲིལ་པོའི་དམངས་བྱིངས་ལ་བདེ་སྐྱིད་བསྐྲུན་རྒྱུར་སྔར་བས་དོ་ཁུར་བྱེད་ཀྱི་ཡོད། ཨུ་རུ་སུའི་མཐོ་རིམ་དཔལ་འབྱོར་སློབ་གླིང་ཤར་ཕྱོགས་རིག་པའི་ཞིབ་འཇུག་ཁང་གི་ཀྲུའུ་རེན་མཱ་སི་ལུའོ་ཕུའུ་ཡིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་མང་དུ་བཏང་རྗེས་ཚོང་ཟོག་འཁོར་རྒྱུག་གི་མཁར་རྫོང་དང་སྲུང་སྐྱོང་རིང་ལུགས་ཀྱི་བྱ་ཐབས་སྣ་ཚོགས་མེད་པ་བཟོ་བ་དང་། ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་མ་རྩ་མཉམ་འཇོག་ཁེ་ལས་འཛུགས་པ། མཐོ་གསར་ལག་རྩལ་ཁུལ་དང་ཐོན་ལས་གླིང་མཉམ་དུ་འཛུགས་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་འགག་སྒོའི་དཔྱ་ཁྲལ་མིན་པའི་མཁར་རྫོང་སྣ་ཚོགས་རིམ་པས་མེད་པ་བཟོ་བ། རང་མོས་ཉོ་ཚོང་ཁུལ་རིམ་པས་འཛུགས་པ་བཅས་ཕྱོགས་ལྔའི་ཐད་ནས་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆོག་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།