འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་
    སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ"བྱེད་མི་ཆོག་པ་དགུ""གློག་ཆེན"ལ་བརྩིས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་པར་འགྲེམས་བྱས་པའི་《འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ཁོངས་གཏོགས་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་》ངོ་སྤྲོད་བྱས་པ་རེད། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གནས་ཚུལ་དེ་སྨན་ཁང་གི་རྒྱུན་གཏན་དོ་དམ་དང་རིག་ཚན་འཛུགས་སྐྱོང་ནང་བཅུག་སྟེ་ལས་བྱེད་པ་བསྐོ་གཞག་དང་། གོ་མིང་གནས་སྤོར། ཕུལ་བྱུང་དང་སྔོན་ཐོན་དཔྱད་འདེམས་སོགས་ལས་དོན་སྒྲུབ་སྐབས་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ཐད་སྤ་སེ་གཅིག་གིས་ཁྲུ་སློག་པའི་ལམ་ལུགས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་སྨན་སྲིད་སྨན་བཅོས་དོ་དམ་ཅུས་ཀྱི་སྐོར་ཞིབ་པ་ལི་ལུའུ་ཕིང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་འཕྲོད་བསྟེན་དང་འཆར་བཙའི་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་ལས་འགན་གཙོ་བོའི་ནང་གཤམ་གསལ་གྱི་ནང་དོན་ཁག་ཚུད་པ་སྟེ། གཅིག་ནས“བྱེད་མི་ཆོག་པ་དགུ”སྔར་བས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང“བྱེད་མི་ཆོག་པ་དགུའི”ནང་གཏན་ལ་འཁེལ་བའི་ནང་དོན་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ“བྱེད་མི་ཆོག་པ་དགུ”འཕྲོད་བསྟེན་དང་འཆར་བཙའ་ཁོངས་གཏོགས་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི“གློག་ལྡན་གློག་ཆེན”ལ་བརྩི་དགོས་པ་དང་། གཉིས་ནས་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་རྩ་འཛུགས་མ་ལག་དང་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ལས་རིགས་ཀྱི་སྤྱོད་ཚུལ་གནད་དོན་གྱི་ཁུངས་སྣེ་བརྡ་ཁྱབ་གཏོང་བ་དང་མཉམ་འགོག་མཉམ་སྡོམ་གྱི་ལམ་སྲོལ་དང་ནང་ཁུལ་གྱི་ལྟ་སྐུལ་ཚོད་འཛིན་ལམ་སྲོལ་འཛུགས་དགོས་པ། གསུམ་ནས་འཕྲོད་བསྟེན་དང་འཆར་བཙའི་ལས་རིགས་ཀྱི་དར་སྲོལ་གསར་པ་འཛུགས་པ་དང་ལས་རིགས་ཀྱི་སྤྱོད་ཚུལ་བཟང་པོ་གཏོད་པའི་རིམ་སྤེལ་བྱེད་སྒོ་སྤེལ་ཏེ་ཀུན་སྤྱོད་ལ་བརྟེན་ནས་སྨན་ཁང་སྐྱོང་རྒྱུ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྨན་དོན་མི་སྣའི་ཀུན་སྤྱོད་དང་སྤྱོད་ཚུལ་གྱི་སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། གསར་དུ་སླེབས་པའི་སྨན་དོན་མི་སྣར་དམ་བཅའ་འཇོག་པ་དང་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་འཕྲིན་སྤེལ་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ། བཞི་ནས་གཙོ་གནད་ཁྱབ་ཁོངས་ནང་ཆེད་དོན་བཅོས་སྒྲིག་བྱས་ཏེ་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྤྱི་ཡོངས་ལ་དམ་པོར་དམིགས་ནས་འཕྲོད་བསྟེན་དང་འཆར་བཙའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ལས་རིགས་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། འབྱུང་རྩའི་དོ་དམ་ལ་དམ་འཛིན་ནན་པོ་བྱེད་པ། སྨན་རྫས་ཉོ་ཚོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ཆེད་དོན་བཅོས་སྒྲིག་དང་། གསོ་རིག་དགོས་མཁོ་མ་ཡིན་པའི་མངལ་ཆགས་ཕྲུ་གུར་ཕོ་མོའི་དབྱེ་འབྱེད་བྱེད་པ་དང་གདམ་གའི་རང་བཞིན་གྱི་མི་ཐབས་ལ་བརྟེན་ནས་ཕྲུ་གུ་འཁོར་མཚམས་འཇོག་པའི་བྱེད་སྤྱོད་ཆེད་དོན་བཅོས་སྒྲིག་བྱེད་པ། སྨན་བཅོས་འགན་བཅོལ་དང་རོགས་དངུལ་ཁ་བསླུས་རྒྱག་པར་རྡུང་རྡེག་དང་ཆེད་དོན་བཅོས་སྒྲིག་བྱེད་པ། “ལུགས་མཐུན་གསུམ”གཙོ་བོར་བཟུང་སྟེ་སྨན་བཅོས་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སྨན་ཁང་ཆེ་གྲས་ལ་སྐོར་ཞིབ་བྱེད་པ། དམངས་གཉེར་སྨན་བཅོས་སྒྲིག་གཞིའི་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཞིབ་ཕྲའི་བླང་བྱ་འདོན་པ་བཅས་བྱེད་དགོས་པ། ལྔ་ནས་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་དང་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་འཛུགས་དགོས། ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་ལས་ཀའི་རྒྱུན་རྣམ་ལམ་སྲོལ་དང་དེ་བཞིན་ལས་རིགས་ཀྱི་སྤྱོད་ཚུལ་དཔྱད་མོལ་གྱི་ཕུགས་ཕན་ལམ་སྲོལ་གྲུབ་པ་དང་ནུས་པ་དང་བྱང་ཚད་མཐོར་གཏོང་གི་ལམ་སྲོལ་འཛུགས་དགོས་པ་བཅས་ཡིན་ཞེས་གསུངས་པ་རེད།
         《བསམ་འཆར》ནང་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་དེ་སྲིད་འཛིན་ཞིབ་མཆན་འགོད་པ་དང་། སྒྲིག་ཆས་ཉོ་བ། སྨན་རྫས་དང་རྒྱུ་ཆ་ཉོ་སྒྲུབ། ལས་གྲྭ་འཛུགས་སྐྲུན་བྱེད་པ། ཞལ་འདེབས་དང་ལེན་བྱེད་པ། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་བྱེད་པ་སོགས་ཀྱི་ཁྱབ་ཁོངས་གཙོ་བོའི་ནང་གཏིང་ཟབ་ཁྱབ་པ་བྱེད་དགོས་པ་དང་། འགག་གནད་དང་ལྷུ་ཚིགས་གལ་ཆེན་ནང་དབང་ཆ་དང་། མི། བྱ་བ། དངུལ། དངོས་པོ་བཅས་ལ་དོ་དམ་བྱེད་པའི་ལྟ་སྐུལ་དོ་དམ་ལམ་སྲོལ་ཁག་ནན་དུ་གཏོང་དགོས། སྨན་ཁང་ལ་སྐོར་ཞིབ་བྱེད་པ་བརྒྱུད་ཁྲིམས་འཛིན་ལས་སྒྲུབ་དང་སྲིད་གཙང་སྨན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། “སྤྱོད་ཚུལ་བཞིའི”དུས་བབ་གསར་པ་དང་འཕེལ་ཕྱོགས་གསར་པར་དམ་པོར་དམིགས་པ། ཞལ་འདེབས་དང་ལེན་བྱེད་པའི་སྨན་བཅོས་སྒྲིག་གཞིའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ་དང་དངོས་སྒྲུབ་གོ་ཆོད་ཀྱི་ལམ་ལུགས་དང་མ་ལག་འགྲུབ་རྒྱུར་སྐུལ་འདེད་གཏོང་བ། གནད་དོན་མངོན་གསལ་དོད་པའི་ཚན་པའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་གཙོ་བོའི་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས་ཟིལ་གནོན་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         ལི་ལུའུ་ཕིང་གིས་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་སྨན་ཁང་ཆེ་གྲས་ལ་སྐོར་ཞིབ་བྱེད་པའི་ལས་དོན་སྤེལ་ཏེ་སྐོར་ཞིབ་དམ་འཛིན་བྱེད་གཞིར་བྱས་ནས་སྨན་ཁང་ཁག་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་དང་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི“བྱེད་མི་ཆོག་པ་དགུ”ལག་བསྟར་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།