འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་སི་ཐ་ནའི་ཆེད་དོན་འཛམ་གླིང་དངོས་མང་སྟོན་ཚོགས་ཐོག་ནུས་རྒྱུ་གསར་པར་སྡིགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2017ལོའི་ཨ་སི་ཐ་ནའི་ཆེད་དོན་འཛམ་གླིང་དངོས་མང་སྟོན་ཚོགས་ཚེས་10ཉིན་ཕྱི་ཕྱོགས་ལ་དངོས་སུ་སྒོ་མོ་ཕྱེ་བ་དང་། རྒྱལ་ཁབ་115དང་རྒྱལ་སྤྱིའི་རྩ་འཛུགས་22སྟོན་ཚོགས་ལ་ཞུགས་ཡོད་པ་རེད། སྐབས་འདིའི་འཛམ་གླིང་དངོས་མང་སྟོན་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“འབྱུང་འགྱུར་གྱི་ནུས་རྒྱུ”ཞེས་པ་དེ་ཡིན་པ་དང་། སྟོན་ཚོགས་ལ་ཞུགས་མཁན་ཕྱོགས་ཁག་གིས་ནུས་རྒྱུ་གསར་པ་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་དམིགས་ནས། ནུས་པ་ཆེ་ཤོས་དང་། འཚམ་ཤོས། ལག་ལེན་བསྟར་འཐུས་འཚམ་ཤོས་བཅས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་བྱ་སྤྱོད་འཆར་གཞི་དར་སྤེལ་བཏང་སྟེ་འབྱུང་འགྱུར་གྱི་ནུས་རྒྱུ་འཕེལ་རྒྱས་ཀྱི་མཉམ་ལས་འཚོལ་ཞིབ་བྱ་རྒྱུར་ཇུས་ཆེན་བཏིང་ཡོད་པ་རེད།
          དེ་ནི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་གཙོ་གཉེར་ཐེངས་དང་པོ་བྱས་པའི་ཆེད་དོན་འཛམ་གླིང་དངོས་མང་སྟོན་ཚོགས་ཤིག་རེད། ཚེས་9ཉིན་གྱི་དགོང་མོའི་འགོ་ཚུགས་མཛད་སྒོའི་ཐོག་ཧ་སག་སི་ཐན་གྱི་ཙུང་ཐུང་ན་ཀྲའར་པ་ཡེ་ཕུའུ་ཡིས་འཛམ་གླིང་དངོས་མང་སྟོན་ཚོགས་ནི་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་གཟུགས་བརྙན་སྟོན་པའི་གོ་སྐབས་ཡག་ཤོས་དེ་ཡིན། ཧ་སག་སི་ཐན་ཕྱོགས་ཀྱིས་དེ་གོ་སྐབས་སུ་བྱས་ནས་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་བེད་སྤྱོད་ཧུར་ཐག་བྱེད་པ་དང་ནུས་པའི་ཟད་གྲོན་ཆུང་དུ་བཏང་ནས་ལྗང་མདོག་དཔལ་འབྱོར་ཕྱོགས་སུ་རིམ་བཞིན་བར་བརྒལ་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་། ན་ཀྲའར་པ་ཡེ་ཕུའུ་ཡིས“འབྱུང་འགྱུར་གྱི་ནུས་རྒྱུ”ཞེས་པའི་གྲོས་འགོ་དེ་མིའི་རིགས་ཀྱི་ཚན་རིག་ཡར་ཐོན་དང་ལག་རྩལ་གསར་བཅོས་ཀྱི་སྲོག་ཤིང་གི་གནས་བབ་ཐོག་གནས་ཐུབ་རྒྱུའི་ཐུགས་རེ་གནང་བ་རེད།
          སྐབས་འདིའི་ཆེད་དོན་འཛམ་གླིང་དངོས་མང་སྟོན་ཚོགས་དེ་ཟླ་9ཚེས་10ཉིན་བར་སྒོ་མོ་ཕྱེ་ནས་འགྲེམས་སྟོན་བྱ་རྒྱུ་དང་། སྔོན་དཔག་བྱས་ན་རྒྱལ་ཁབ་ཁག་གི་ཡུལ་སྐོར་བ་མི་ཐེངས་ཁྲི་500ཡི་ཡིད་དབང་འགུགས་རྒྱུ་ཡིན་པ་རེད། འཛམ་གླིང་དངོས་མང་སྟོན་ཚོགས་གླིང་དེ་གྲོང་ཁྱེར་ཨ་སི་ཐ་ནའི་ལྷོ་རྒྱུད་ས་ཁུལ་དུ་གནས་པ་དང་། འཆར་འགོད་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་100ལས་བརྒལ་ཡོད་པ་དེའི་འགྲེམས་ཁང་གི་རྒྱ་ཁྱོན་ལ་སྤྱི་ཆིང་25ཡོད་པ་རེད། མཁའ་དབྱིངས་ནས་གླིང་ཁུལ་ལ་བལྟ་སྐབས་ལྗང་མདོག་གཙོ་བོར་བྱས་པའི་འགྲེམས་ཁང་གི་བཟོ་སྐྲུན་དེ་སྤང་དང་མེ་ཏོག་ལྡུམ་ར་དང་ཟུང་དུ་སྦྲེལ་ནས་ཆུ་ཐིགས་ཀྱི་བཟོ་ལྟ་ཞིག་མངོན་པ་དང“དྭངས་གཙང་འཁོར་རྒྱུག་ཆོག་པའི”འདུ་ཤེས་གང་ལེགས་མངོན་ཡོད། དེའི་མངོན་གསལ་དོད་ཤོས་ཀྱི་ཧ་སག་སི་ཐན་གྱི་འགྲེམས་ཁུལ་དེ་གླིང་ཁུལ་གྱི་དབུས་སུ་གནས་པ་དང་། ཤེལ་སྒོ་སྔོན་པོའི་སྤོ་ལོའི་དབྱིབས་ཀྱི་བཟོ་སྐྲུན་ཆེན་པོ་དེས་འཛམ་གླིང་གི་རིགས་གཅིག་མཚུངས་ཀྱི་བཟོ་སྐྲུན་རྒྱ་ཁྱོན་ཆེ་ཤོས་བཏོད་ཡོད་པ་རེད།
          ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཀྱི་ཆེས་མདུན་ཕྱོགས་ཀྱི་ལག་རྩལ་དང་དེ་བཞིན་གསར་སྤེལ་གྱི་གྲུབ་འབྲས་གསར་ཤོས་འགྲེམས་སྟོན་བྱེད་པ་ཕུད་ཨ་སི་ཐ་ནའི་ཆེད་དོན་འཛམ་གླིང་དངོས་མང་སྟོན་ཚོགས་ཐོག་ད་དུང་ནུས་རྒྱུ་གྲོན་ཆུང་དང་། ཉི་འོད་ནུས་པ། རླུང་ནུས་སོགས་ཚབ་སྤྱོད་རུང་བའི་ནུས་རྒྱུ་གསར་སྤེལ་སོགས་ཀྱི་གནད་དོན་ལ་དོ་ཁུར་བྱ་རྒྱུ་རེད། འགྲེམས་སྟོན་རིང་ད་དུང་ཆེད་དོན་ཚོགས་འདུ་ཐེངས་བཅུ་གཉིས་འཚོག་རྒྱུ་ཡིན་པའི་ནང“ནུས་རྒྱུ་རྒྱུན་མཐུད་འཕེལ་རྒྱས་འགན་ལེན་བྱེད་པའི”པུའུ་ཀྲང་རིམ་པའི་ཚོགས་འདུ་དང་། འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི“འབྱུང་འགྱུར་གྱི་ཡུལ་སྐོར་དང་ནུས་རྒྱུ་སྟེ་ཐཱན་གྱི་བཙོག་འབུད་ཉུང་གཏོང”གི་རྒྱལ་སྤྱིའི་ཚོགས་འདུ་སོགས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།