འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སྲོལ་རྒྱུན་གྱི་བཟོ་རྩལ་སྤེལ། རང་བྱུང་གི་རྣམ་པར་གནས།

    —— ལེ་པ་ནོན་གྱི་དྲི་ཞིམ་འདག་རྫས་བཟོ་མཁན་ཁྱིམ་རྒྱུད་ཀྱི་ལོ་ངོ་བརྒྱའི་རྒྱུན་འཛིན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་12ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། པ་ཏེའར·ཧ་སུའུ་ཨེན་ཐོག་མར་ཐུག་ས་ནི་ཁོང་གི་ལས་ཀ་བྱ་ཡུལ་དུ་ཡིན། ལོ་55ལ་སླེབས་ཤིང་མགོ་སྐྲ་དཀར་པོར་གྱུར་པ་དང་ལུས་སུ་གོས་བབ་ཆགས་པོ་ཞིག་གྱོན་པའི་པ་ཏེའར་གྱིས་བློ་རྩེ་གཅིག་སྒྲིམ་ངང་ལག་ནང་གི་དྲི་ཞིམ་འདག་རྫས་ལ་བཟོ་ལྟ་སྟོན་བཞིན་འདུག འདས་པའི་ལོ་ངོ་ཉི་ཤུ་ལྷག་རིང་པ་ཏེའར་གྱིས་སྐྱུ་རུ་རས་དྲི་ཞིམ་འདག་རྫས་བཟོ་བའི་ལག་རྒྱུན་ལ་སེམས་པ་རྩེ་གཅིག་ཏུ་གཞོལ་ནས་ད་ཆ་ས་གནས་ཀྱི་ཁེ་ལས་མཁས་ཅན་སྙན་གྲགས་ལྡན་པ་ཞིག་ཏུ་གྱུར་ཡོད།
          པ་ཏེའར་གྱི་ཕ་ཡུལ་ནི་ལེ་པ་ནོན་གྱི་བྱང་རྒྱུད་གྲོང་ཁྱེར་ཏེ་ལེ་པོ་ལི་ཡིན་པ་དང་། ཁོང་གི་མེས་པོ་སྐྱུ་རུ་རའི་དྲི་ཞིམ་འདག་རྫས་བཟོ་བར་མཁས་སྟབས་ཕྱུག་བདག་ཏུ་གྱུར་ཞིང་། ཉེ་རབས་སུ་འཕྲུལ་ཆས་གྱི་བཟོ་རྒྱུན་ནང་འདྲེན་བྱེད་པ་དང་ཆབས་ཅིག་དྲི་ཞིམ་འདག་རྫས་བཟོ་བའི་ལག་རྒྱུན་ལ་རྡབ་གསིག་ཐེབས་ནས་ལོ་བརྒྱ་ཕྲག་ཁ་ཤས་ནང་རྒྱུ་སྟོབས་ཆེན་པོ་འཕེལ་བའི་པ་ཏེའར་ཁྱིམ་རྒྱུད་རེ་ཞིག་མར་ངོའི་ཟླ་བཞིན་རྒུད་ནས་མཐར་རིན་ཆེན་ལས་སྣོན་དང་གསེར་རྒྱན་འཚོང་སའི་ཚོང་ཁང་གཅིག་ཙམ་ལས་མེད་པར་འགྱུར།
          ཚོང་རྒྱག་མཁན་པ་ཏེའར་གྱིས་གསེར་བཟོ་བ་མི་བྱེད་ཀ་མེད་ཐུག མུ་གེའི་སྒང་ལ་ཟླ་ལྷག་གི་དཔེ་བཞིན་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ནང་མཚན་མོ་ཞིག་ལ་ཚོང་ཁང་ལ་རྐུ་ཤོར་ནས་པ་ཏེའར་རྒྱུ་ནོར་གང་ཡང་མེད་པའི་དབུལ་པོ་དབུལ་རྐྱང་ཆགས།
          སྟབས་ལེགས་པ་ཞིག་ལ་མེས་པོ་ནས་བརྒྱུད་པའི་དྲི་ཞིམ་འདག་རྫས་བཟོ་བའི་ལག་རྒྱུན་གྱིས་པ་ཏེའར་ཁྱིམ་དཀའ་ངལ་གྱི་གནས་ལས་བསྐྱབས་ཐུབ་པ་བྱུང་ཞིང་། ཁོང་གི་ཨ་ཁུས་ཐབས་ཤེས་བཏོན་པ་བཞིན་པེ་ཏེའར་གྱིས་འགོ་ནས་སྦྱངས་ཏེ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་སྐྱུ་རུ་རས་བཟོས་པའི་དྲི་ཞིམ་འདག་རྫས་བརྒྱ་ཐམ་པ་ཐེངས་དང་པོ་ཐོན།
         སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ནང་སྐྲ་འཁྲུ་བྱེད་ཀྱི་འདག་ཁུའི་ཐོན་ཟོག་ཚུད་ཀྱི་མེད་པར་བརྟེན་པ་ཏེའར་གྱིས་ཐོན་ཟོག་གསར་པ་འདི་འདྲ་ཞིག་བཟོ་རྒྱུར་བསམ་བློ་གཏོང་འགོ་ཚུགས། “དེ་དུས་ངས་ལོ་རྒྱུས་དང་། གསོ་རིག སྐྱེ་དངོས་སྐོར་གྱི་དེབ་ཅིག་ལྟ་བཞིན་ཡོད། དེའི་ནང་ཨེ་ཅིབ་དང་། ཀྲུང་གོ རྒྱ་གར་སོགས་ཀྱི་སྔོ་སྨན་སྐོར་གྱི་ཤེས་བྱ་ངོ་སྤྲོད་བྱས་པ་མཐོང་བའི་ཚེ་གློ་བུར་དུ་བློ་སྐྱེད་བྱུང”ཞེས་པ་ཏེའར་གྱིས་དེ་ལྟར་བཤད།
         དེ་ནས་པ་ཏེའར་གྱིས་སྲོལ་རྒྱུན་བཟོ་རྩལ་གྱི་རྨང་གཞིའི་ཐོག་ལེགས་བཅོས་དང་གསར་གཏོད་ཀྱི་ཚོད་ལྟ་བྱེད་རིང་། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་དང་ཁོང་གི་བཟའ་ཟླས་རང་ཁྱིམ་གྱི་ཐབ་ཚང་དུ་བཟོས་པའི་ཐོན་ཟོག་གསར་པ་སྣེ་ཁ་བཞི་ལ་སྐུ་མགྲོན་གྱིས་དགའ་པོ་བྱས། དེར་བརྟེན་ནས་པ་ཏེའར་གྱིས་ཐོན་ཟོག་གསར་པ་བཟོ་བའི་སེམས་ཤུགས་ཇེ་ཆེར་ཕྱིན་ཏེ་ཏེ་ལེ་པོ་ལི་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་པའི“ཧན·ཤང་པོ”སྐྲུན་དངོས་ཀྱི་མིང་དེ་རང་ཉིད་ཀྱི་ཐོན་ཟོག་གི་མིང་ལ་བཏགས།
          ཐོན་སྐྱེད་ཀྱི་གཞི་ཁྱོན་རྒྱུན་མི་ཆད་པར་ཆེ་རུ་སོང་བ་དང་སྦྲགས་པ་ཏེའར་གྱིས་ཨ་སྒོར་ཁྲི་2500བཏང་ནས་ཏེ་ལེ་པོ་ལིའི་ཤར་ལྷོའི་མཚམས་སུ་ས་ཁྱོན་སྨི་ངོས་གྲུ་ཁྲི་5ཟིན་པའི་པ་ཏེའར·ཧ་སུའུ་ཨེན་སྣོད་བཅུད་གྲོང་ཚོ་ཞིག་བརྒྱབ།
          2013ལོ་ནས་བཟུང་དེར་བཟོ་གྲྭ་དང་ཚོད་ལྟ་ཁང་བརྒྱབ་པ་མ་ཟད། དྲི་ཞིམ་འདག་རྫས་བཟོ་བའི་རྒྱུ་ཆ་སྐྱུ་རུ་ར་དང་མེ་མོན་ཤིང་ཕོན་ཆེན་བཏབ་པ་རེད།
          2016ལོའི་ཡེ་ཤུའི་འཁྲུངས་སྐར་གྱི་དུས་ཆེན་གྱི་སྔ་ནུབ་ཏུ་པ་ཏེའར་གྱིས་ཨ་སྒོར་ཁྲི་2བཏང་ནས་ལྗིད་ཚད་སྤྱི་རྒྱ་1200ཟིན་པའི“དྲི་ཞིམ་འདག་རྫས་ཀྱི་ཡེ་ཤུའི་འཁྲུངས་སྐར་སྡོང་པོ”ཞིག་བཟོས་ཏེ་ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་ནང་འཇུག་རྒྱུར་འདུན་ཞུ་བྱས།
          ད་ཆ་པ་ཏེའར་ཀུང་སི་ནས་བཟོས་པའི་ཐོན་ཟོག་དག་འཛམ་གླིང་དབུས་ཤར་དང་། ཡོ་རོབ། ཨ་མེ་རི་ཁ་གླིང་བྱང་མ། ཨ་ཧྥེ་རི་ཁ། ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ། ཨོ་སི་ཁྲུ་ལི་ཡ་སོགས་ལ་འཚོང་གི་ཡོད། ཀྲུང་གོར་ཡང་ཁོང་གི་ཚོང་ཤག་བཞི་ཡོད། ཀྲུང་གོར་འཚམས་འདྲི་ཐེངས་གསུམ་བྱས་མྱོང་བའི་པ་ཏེའར་གྱིས་ཀྲུང་གོ་བས་རང་བྱུང་སྐྱེ་ལྡན་གྱི་ཐོན་ཟོག་ལ་དགའ་པོ་བྱེད་པར་བརྟེན་ཀྲུང་གོ་ནི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པའི་ཁྲོམ་ར་ཞིག་ཡིན་པ་ཤེས་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ཏེ་ཀྲུང་གོའི་ཁྲོམ་རར་སྔར་བས་གསར་འབྱེད་བྱ་རྒྱུའི་འདུན་པ་བཅངས་དང་འཆང་བཞིན་མཆིས།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།