འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅༎ཧིན་རྡུ་རྒྱ་མཚོའི་ངོགས་སུ་ཆགས་པའི་རེ་བའི་གྲོང་ཁྱེར་ཏེ། ཁོ་ལོན་པོ་གྲུ་ཁའི་གྲོང་ཁྱེར།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་12ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཨེ་ཤེ་ཡའི་རྫབ་བཤང་གྲུ་གཟིངས་ཆེ་ཤོས"མཚོ་སྔོག་ཨང་1པོ"སླེབས་པ་དང་སྦྲགས་ཁོ་ལོན་པོ་གྲུ་ཁའི་གྲོང་ཁྱེར་ལ་ཐོག་མའི་རྣམ་པ་ཞིག་གྲུབ་ཡོད། དངུལ་རྩའི་གྲོང་གསར་འདི་ཉིད་ཧིན་རྡུ་རྒྱ་མཚོའི་ངོགས་ཀྱི་ཁོ་ལོན་པོ་རྒྱལ་སྤྱིའི་དོས་སྒམ་གྲུ་ཁའི་འགྲམ་གྱི་མཚོ་ཁོངས་སུ་གནས་ཤིང་། ད་བར་སི་རི་ལན་ཁར་ཕྱི་རྒྱལ་ནས་ཐད་ཀར་མ་རྩ་བཏང་བའི་རྣམ་གྲངས་ཆེ་ཤིས་ཤིག་རེད། མིག་སྔར་དུས་ཐེངས་དང་པོའི་ས་རྒྱོང་ལས་གྲྭ་མགྱོགས་མྱུར་བསྐྲུན་བཞིན་ཡོད་པ་རེད།
         དེ་ནི་ཡུལ་དེའི་མི་རྣམས་ཀྱིས་རེ་སྒུག་ཡུན་རིང་བྱས་པའི་མི་ཐབས་ལ་བརྟེན་ནས་བསྐྲུན་པའི་གྲོང་གསར་ཞིག་ཡིན་པ་དང་། བསྐྲུན་ཟིན་རྗེས་ཁོ་ལོན་པོར་འཕེལ་རྒྱས་མྱུར་པོ་ཡོང་རྒྱུ་ཡིན་པས་ཡུལ་དེ་གའི་མིས་འབྱུང་འགྱུར་གྱི"རེ་བའི་གྲོང་ཁྱེར"ཞེས་མིང་བཏགས་ཡོད།
         "སི་རི་ལན་ཁ་བ་ཞིག་ཡིན་པའི་ང་རྣམ་གྲངས་འདིའི་ནང་ཞུགས་རྒྱུ་བྱུང་བ་དངོས་གནས་གཟི་བརྗིད་ཆེན་པོ་ཡིན། ངས་གྲུ་ཁའི་གྲོང་ཁྱེར་མགྱོགས་མྱུར་བསྐྲུན་ཟིན་ནས་ལོ་30ཙམ་རིང་ནང་འཁྲུག་གི་བརྡབ་གསིག་ཕོག་པའི་ཡུལ་འདིར་སྐྱེ་སྟོབས་གསར་པ་ཡོང་བ་བྱས་ཏེ་དམངས་ཚོགས་ལ་ཕན་པ་དངོས་དེ་བས་མང་བ་ཐོབ་རྒྱུའི་རེ་བ་སྙིང་དབུས་ནས་འཆང་བཞིན་ཡོད"ཅེས་ཁོ་ལོན་པོ་གྲུ་ཁའི་གྲོང་ཁྱེར་རྣམ་གྲངས་ཀུང་སིའི་ཁྲོམ་རའི་བརྒྱུད་བསྒྲགས་གཙོ་གཉེར་པ་ཆི་ལན་ཏི·པ་ལཱ་ཕ་ཐ་པན་ཏིས་ཉེ་ཆར་བཅར་འདྲི་བྱེད་པར་ཡོང་བའི་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་དེ་ལྟར་བཤད་བྱུང་།
         གྲུ་ཁའི་གྲོང་གི་རྣམ་གྲངས་ལས་ཕན་པ་ཐོབ་ནས་ད་ཆ་ཆི་ལན་ཏིར་གཏན་འཇགས་ཀྱི་ལས་ཀ་རག་པ་དང་ལས་རིགས་དེའི་མདུན་ལམ་བཟང་པོ་ཡོད་པ་རེད། ཁོང་གིས་གྲུ་ཁའི་གྲོང་ཁྱེར་རྣམ་གྲངས་ཀྱིས་ཕྱི་རྒྱལ་གྱི་ཐད་ཀར་མ་འཇོག་དང་སྒེར་གཉེར་སྡེ་ཚན་གྱི་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་པ་བརྒྱུད་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡོད། རྣམ་གྲངས་དེས་ཁོ་ལོན་པོ་འདི་ཉིད་དེ་བས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཞིག་ཏུ་བསྐྲུན་ནས་ཕྱི་རྒྱལ་དུ་སྡོད་མཁན་སི་རི་ལན་ཁ་བ་དེ་བས་མང་བ་མེས་རྒྱལ་པང་དུ་ལོག་རྒྱུའི་ཡིད་དབང་འགུག་རྒྱུ་རེད། "དེས་མ་ཚད་ཕ་མ་ཞིག་གི་ངོས་ནས་ཀྱང་རང་ཉིད་ཀྱི་ཕྲུ་གུ་ནར་སོན་རྗེས་རེ་བས་ཁེངས་པའི་གྲོང་ཁྱེར་འདི་རུ་ལས་ཀ་བྱས་ཏེ་རྒྱལ་ཁབ་འཛུགས་སྐྲུན་ལ་ནུས་པ་ཆེན་པོ་འདོན་པ་དང་ཆབས་ཅིག་འོད་སྟོང་འབར་བའི་བྱ་གཞག་གཏོད་རྒྱུའི་རེ་བའང་བྱེད་ཀྱི་ཡོད"ཅེས་བཤད་བྱུང་།
         གྲུ་ཁའི་གྲོང་ཁྱེར་དེ་ནི་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་(ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན)མ་དངུལ་བཏང་ནས་གསར་སྤེལ་བྱས་པ་ཞིག་ཡིན་ཞིང་། ཀྲུང་གོས་སི་རི་ལན་ཁར་མ་དངུལ་བཏང་བའི་རྣམ་གྲངས་ཆེ་ཤོས་ཤིག་ཡིན་ལ"རྒྱུད་གཅིག་ལམ་གཅིག"སི་རི་ལན་ཁར་དངོས་སྒྲུབ་འབྲེལ་མཐུད་བྱེད་ཐུབ་པའི་གཙོ་གནད་རྣམ་གྲངས་ཤིག་ཀྱང་ཡིན།
         ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཆི་ཐའོ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། གྲུ་ཁའི་གྲོང་ཁྱེར་རྣམ་གྲངས་འདི་ནི་སི་རི་ལན་ཁའི“ནུབ་རྒྱུད་གྲོང་ཁྱེར་ཆེན་པོ”ཞེས་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གཙོ་བོ་དང་ཧ་ཅང་མཐུན་པོ་བྱུང་ཡོད། རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་མཚོ་རྒྱོང་མ་དངུལ་ཨ་སྒོར་དུང་ཕྱུར་14བཏང་བ་མ་ཟད་རིམ་གཉིས་གསར་སྤེལ་ཐད་མ་དངུལ་ཨ་སྒོར་དུང་ཕྱུར་130གཏོང་རྒྱུར་སྐུལ་ཁྲིད་ཀྱང་ཐེབས་ནས་ས་ཁྱོན་སྤྱི་ཆིང་269ཆགས་རྒྱུ་ཡིན་པའི་ནང་ཚོང་ལས་གསར་སྤེལ་ས་ཁྱོན་སྤྱི་ཆིང་178ཙམ་ཟིན་པ་དང་། འཆར་འགོད་འཛུགས་སྐྲུན་གྱི་གཞི་ཁྱོན་སྨི་ངོས་གྲུ་ཁྲི་565ཟིན་པའི་ནང་གཙོ་བོ་སྡོད་ཁང་དང་། གསོལ་མགྲོན་ཁང་། གཞུང་ལས་ཐོག་ཁང་། ཚོང་ར་སོགས་ལྷན་སྦྱར་སྒྲིག་བཀོད་ཡོད་པ་རེད། དེ་མིན་མཚོན་བྱེད་རང་བཞིན་གྱི་གསར་སྤེལ་རྣམ་གྲངས་ནང་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་། སྤྲོ་གསེང་གྲུ་གཟིངས་ཀྱི་གྲུ་ཁ། ལྟེ་བའི་སྤྱི་གླིང་། གསོལ་མགྲོན་ཁང་། སྨན་བཅོས་སྒྲིག་བཀོད། ཚོགས་འགྲེམས་ལྟེ་གནས། སློབ་གསོའི་སྒྲིག་བཀོད། གཞུང་གི་ལས་ཤག མཚོ་ངོགས་གྲམ་ཐང་བཅས་ཚུད་ཡོད་ཅེས་བཤད།
         གྲུ་ཁའི་གྲོང་ཁྱེར་གྱི་འབྱུང་འགྱུར་འཕེལ་རྒྱས་ཐད་ཆི་ལན་ཏི་དང་ཡུལ་དེ་གའི་ཨར་སྐྲུན་མི་སྣ་ཚོས་རེ་སྒུག་ཆེན་པོ་བྱེད་ཅིང་། ཆི་ལན་ཏིས“རྣམ་གྲངས་འདིས་ཁོ་ལོན་པོ་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་གྱི་ཚོང་ལས་ལྟེ་གནས་གལ་ཆེན་ཞིག་ཏུ་བསྐྲུན་ནས་ཧིན་རྡུ་རྒྱ་མཚོའི་ཐོག་གི་འོད་མདངས་འཚེར་བའི་མུ་ཏིག་ལྟ་བུར་དངོས་སུ་འགྱུར་རྒྱུ་རེད”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།