འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲི་ཆུའི་ངོགས་ཀྱི་ཤིང་འཛུགས་ནགས་གསོ་བས་ཕ་ཚ་བུ་རྒྱུད་ཚོར་སྔོ་ལྗང་གི་ཁོར་ཡུག་
    ཅིག་འཇོག་ཐབས་བྱས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་12ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པ་ཉེ་ཆར་བོད་རང་སྐྱོང་ལྗོངས་རང་བྱུང་ནགས་ཤིང་སྲུང་སྐྱོང་འདུ་འགོད་ལྟེ་བའི་ཁུལ་དང་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་འབུམ་སྐྱེས་ཤང་གླང་ཉག་སྨད་པ་གྲོང་ཚོར་ཡོང་ཡོད། དུས་རབས་འདིའི་དུས་འགོར་རང་རྒྱལ་གྱིས་འབྲི་ཆུའི་སྟོད་རྒྱུད་འབྲི་ཆུ་རྒྱུག་ཁུལ་དུ་རང་བྱུང་ནགས་ཤིང་སྲུང་སྐྱོང་འདུ་འགོད་ལག་བསྟར་བྱས་པ་དང་ལོ་45ལ་སོན་པའི་ནགས་སྲུང་བ་ཚེ་རིང་དབང་ཕྱུག་གིས་ལོ་10ལྷག་ཙམ་རིང་གྲོང་མི་ཚོ་དང་མཉམ་དུ་སྣོད་བཅུད་སྲུང་ཡོལ་དེ་བདག་སྐྱོང་བྱེད་བཞིན་ཡོད་པ་རེད།
         ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་ཐད་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་གླང་ཉག་སྨད་པ་གྲོང་ཚོའི་མང་ཚོགས་ཚོས་ནགས་ཚལ་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག་འགྲོ་ལམ་གྱི་གཡས་གཡོན་དང་ཁང་པའི་རྒྱབ་མདུན་དང་ཆུའི་ངོགས་སུ་ཤིང་འཛུགས་ནགས་གསོ་བྱས་ཡོད།
         ཚེ་རིང་དབང་ཕྱུག་ཀྱང་ནགས་སྲུང་པ་ནས་ཤིང་འཛུགས་སྣེ་འཁྲིད་པར་གྱུར་ཏེ་ཞིང་འབྲོག་པའི་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས། ལོ་4ཡི་རིང་མཉམ་ལས་ཁང་གིས་སྡོང་ཕྲུག་ར་བ་མུའུ་50བར་རྒྱ་ཆེར་བཏང་བ་དང་སྡོང་ཕྲུག་རྐང་ཁྲི་100ལྷག་ཙམ་ཡོད་པ་དང་དེའི་ནང་སྟར་ཀ་དང་། ཀུ་ཤུ། ཐང་ཤིང་ཡུན་ཧྲན་གསོམ་ཤིང་སོགས་རིགས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་ཁང་གིས་དུད་ཚང་7དང་མང་ཚོགས་49ཡི་ལས་ཞུགས་སྣེ་འཁྲིད་བྱས་ནས་ན་ནིང་ཟླ་8པ་ནས་ད་བར་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2བྱུང་ཡོད། ཚེ་རིང་དབང་ཕྱུག་གིས་ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པས་མང་ཚོགས་དེ་བས་མང་བས་ཤིང་འཛུགས་ནགས་གསོ་བྱེད་འདོད་བྱེད་པ་དེ་ཡོང་འབབ་ཁོ་ནའི་ཆེད་དུ་མ་ཡིན་པར་མི་རབས་ནས་མི་རབས་བར་འབད་བརྩོན་བྱས་རྗེས་སྔར་ཡོད་ཀྱི་རི་སྔོ་ཆུ་དྭངས་སླར་གསོ་ཐུབ་པ་བྱས་ནས་ཕ་ཚ་བུ་རྒྱུད་ཚོར་སྔོ་ལྗང་གི་ཁོར་ཡུག་ཅིག་སྐྲུན་ཐུབ་རེ་བྱེད་པ་དེ་རེད་ཅེས་བཤད།
         མིག་སྔར། ཤིང་འཛུགས་ནགས་གསོ་བྱ་རྒྱུ་དེ་བོད་ཀྱི་ས་གནས་ཁག་དང་གྲོང་གསེབ་ཁག་གི་དར་སྲོལ་གསར་པར་གྱུར་ཡོད། ཉེ་དུས། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མི་རབས་ནས་མི་རབས་བར་གྱིས་སྔོ་ལྗང་ལས་ལ་གཞོལ་ཏེ་ལོ་ལྟར་ནགས་སའི་རྒྱ་ཁྱོན་མུའུ་ཁྲི་100ཡན་ཟིན་པ་བྱས་ཏེ་དམངས་ཡོངས་ཀྱིས་ཤིང་འཛུགས་ནགས་གསོ་བྱ་རྒྱུར་སྐུལ་འདེད་བཏང་ཐོག་2020ལོར་སླེབས་སྐབས་ལྗོངས་ཡོངས་སུ་ནགས་ཚལ་ཁེབས་ཁྱོན་12.31%ཟིན་པ་བྱས་ནས་རི་ཀླུང་ཡོངས་སྔོ་ལྗང་དུ་གྱུར་བ་དང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་མཛེས་སྡུག་ལྡན་པར་གྱུར་ཐུབ་པ་བྱེད་བཞིན་ཡོད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།