འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅༎དྲན་འཛིན་མེ་ལོང་ངོས་ནས་ཡལ་བའི་ཨོ་རྩལ་གྲོང་།

    —— ས་ར་ཡེ་ཝོ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་12ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོར་ས་ར་ཡེ་ཝོའི་མིང་བྱང་གཉིས་ཡོད་པ་ལས་གཅིག་ནི་དམག་ཆེན་དང་པོའི་རྐྱེན་རྩ་བྱུང་ཡུལ་དང་གཉིས་ནི"ཝར་ཐེ"ཡིན་ཞིང་། དུས་རབས་གོང་མའི་ལོ་རབས་70པར་ཡུ་ཀོ་སི་ལ་ཝི་ཡའི་གློག་བརྙན་《ཝར་ཐེས་ས་ར་ཡེ་ཝོ་སྲུང་བ་》ཞེས་པ་ཀྲུང་གོར་བསྟན་རྗེས་ལྟ་མཁན་ཧ་ཅང་མང་པོ་བྱུང་ནས་མི་རབས་གཅིག་གི་བརྗེད་པར་དཀའ་བའི་དྲན་གསོར་གྱུར་ཡོད་ལ། གྲོང་ཁྱེར་དེ་འདྲ་ཞིག་ཡོད་པ་ཀྲུང་གོའི་སྐྱེ་བོ་ཀུན་གྱིས་ཤེས་ཡོད།
         དོན་དངོས་ཐོག་ད་དུང་མིང་བྱང་གཞན་ཞིག་ཡོད་པ་ནི་ས་ར་ཡེ་ཝོའི་མི་རྣམས་ཀྱི་དྲན་གསོའི་ལམ་ནས་རིམ་བཞིན་ཡལ་འགྲོ་བའི་ཨོ་རྩལ་གྲོང་ཡིན། 1984ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་ས་ར་ཡེ་ཝོར་འཚོགས་ཡོད།
          ས་ར་ཡེ་ཝོར་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བ།
         1984ལོར་དགུན་དུས་ཨོ་རྩལ་འགྲན་ཚོགས་ས་ར་ཡེ་ཝོར་གཉེར་ཡོད། དེ་དུས་ས་ར་ཡེ་ཝོ་ད་དུང་བྷོ་ཧེར་གྱི་རྒྱལ་སར་འགྱུར་མེད་པར་ཡུ་ཀོ་སི་ལ་ཝི་ཡ་བྷོ་ཧེར་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན།
         སྐབས་དེ་དུས་ཡུ་ཀོ་སི་ལ་ཝི་ཡའི་དཔལ་འབྱོར་དར་རྒྱས་ཆེ་བ་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་འདུན་ཞུ་བདེ་བླག་བྱུང་བས་ཡུ་ཀོ་སི་ལ་ཝི་ཡའི་དམངས་ཚོགས་རྣམས་སྤྲོ་བ་རབ་ཏུ་འཕེལ་ཞིང་། ཁོང་ཚོས་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོགས་པོར་དགའ་བསུ་ཆེན་པོ་ཞུས་ཡོད།
         ད་ཆ་བྷོ་ཧེར་གྱི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་ནས་ལས་ཀ་ཤོར་ཚད་མང་དུ་སོང་ཡོད། ད་ཆ་ལོ་ན་རྒན་ཙམ་གྱི་ས་ར་ཡེ་ཝོའི་གྲོང་མིའི་ངོས་ནས་བརྗོད་ན་སྤོབས་པ་བྱེད་ཆོག་པའི་དངོས་པོ་མང་པོ་ཞིག་ལ"སྔོན་མ"ཞེས་པའི་ཡིག་འབྲུ་གཉིས་བརྒྱབ་དགོས་ཀྱི་ཡོད་པའི་ཁྲོད་དགུན་དུས་ཨོ་རྩལ་འགྲན་ཚོགས་ནི་ཁོམ་པ་བྱུང་རིམ་བཞིན་ཁོང་ཚོའི་གླེང་གཞིར་གྱུར་བ་ཞིག་ཡིན།
         མ་གཞི་བགྲང་བྱ་33ལྷག་ཙམ་འདས་ཟིན་ནའང་གསར་འགོད་པས་སྐབས་དེ་དུས་ཀྱི་གནས་ཚུལ་སྐོར་སྐད་ཆ་འདྲི་སྐབས་ད་ལོ་ལོ་60ལ་སླེབས་ཉེ་བའི་ས་ར་ཡེ་ཝོའི་གྲོང་མི་སྐུ་ཞབས་ལ་སྨི་ཙེས་སྔར་བཞིན་སེམས་འགུལ་དཔག་མེད་ཐེབས་བཞིན་དུ་སྐབས་དེ་དུས་ས་ར་ཡེ་ཝོ་ནི་དགའ་སྐྱིད་ཀྱི་ཞིང་ཁམས་སུ་གྱུར་བ་དང་། གཞུང་ལམ་རྣམས་གསར་རྐྱང་ཡིན་པ་དང་། གང་སར་མི་ཚོགས་སྟུག་པ། སྐྱིད་པའི་དགོད་སྒྲ་མཚམས་ཆད་རྒྱུ་མེད་པ། ཚོང་ཁང་སྤྱིར་ན་ཆུ་ཚོད་24སྒོ་མི་རྒྱག་པ་སོགས་བརྗོད་ཀྱིས་མི་ལང་། དེ་ནི་ངའི་མི་ཚེའི་ནང་ཆེས་སྐྱིད་སྣང་དོད་ཤོས་ཀྱི་དུས་ཚོད་ཅིག་ཡིན་ཞེས་ཤོད་ཀྱི་ཡོད།
         ས་མ་ལན་ཆིའི་འཇོན་ཐང་ངོམས་ཐེངས་དང་པོ།
        དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྐྱེན་པས་ས་མ་ལན་ཆི་དང་གྲོང་ཁྱེར་ས་ར་ཡེ་ཝོའི་དབར་བཅད་ནས་ཆད་ཐབས་བྲལ་བའི་ལས་དབང་ཞིག་འབྲེལ་ཡོད་ཅིང་། ཁོང་སྐུ་གཤེགས་ཁར་ཡང་གྲོང་ཁྱེར་དེར་བརྩེ་དུང་ཟབ་མོ་ལྡན་ཡོད།
         1984ལོའི་ཟླ་2ཚེས་8ཉིན་ས་མ་ལན་ཆིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞིའི་ངོས་ནས་ས་ར་ཡེ་ཝོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཐེངས་དང་པོ་ཞུགས་པ་དང་ཁོང་གིས་ཉིན་ཐོའི་ནང"འདི་ནི་ཧ་ཅང་རླབས་ཆེ་བའི་ཉིན་མོ་ཞིག་དང་ངའི་མི་ཚེའི་ནང་གི་ཉིན་མོ་གལ་ཆེན་ཞིག་ཡིན། ཚང་མ་ཐུགས་གྲ་ལེགས་འགྲིག་བྱུང་སོང་། ངས་བློ་ཁོག་ཆེན་པོས་དབྱིན་སྐད་ཐོག་ནས་གཏམ་བཤད་བྱས་པ་ཡག་པོ་བྱུང་སོང"ཞེས་བྲིས་གནང་ཡོད།
         བྷོ་ཧེར་ནང་འཁྲུག་མཇུག་འགྲིལ་རྗེས་ས་མ་ལན་ཆིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་ལ་དམག་འཁྲུག་ནང་གཏོར་སྐྱོན་ཕོག་པའི་ས་ར་ཡེ་ཝོའི་ཙེ་ཐེ་ལའི་ཨོ་ལིམ་ཕིག་ལྟེ་གནས་ཞལ་འདེབས་བརྒྱབ་ནས་བསྐྱར་བསྐྲུན་བྱ་རྒྱུའི་སྐུལ་འདེད་བཏང་བ་དང་ད་ཆ་ལྟེ་གནས་དེ་ས་མ་ལན་ཆི་ཨོ་ལིམ་ཕིག་ལྟེ་གནས་ཞེས་མིང་བསྒྱུར་བྱས་ཡོད།
         1999ལོར་ཁོང་གིས་ས་ར་ཡེ་ཝོའི་གཏོར་སྐྱོན་ཕོག་པའི་ཨོ་རྩལ་འགྲན་ཚོགས་ཀྱི་སྒྲིག་བཀོད་བསྐྱར་བསྐྲུན་ཐད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུ་ཆེད། ས་ར་ཡེ་ཝོའི་གྲོང་ཁྱེར་གྲོས་ཚོགས་ཀྱིས་ས་མ་ལན་ཆིར"ས་ར་ཡེ་ཝོ་གྲོང་ཁྱེར་བྱ་དགའ"སྤྲད་པ་རེད།
         པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ངོ་མཚར་ཁྱད་འཕགས་ཡོང་ངེས་ཡིན་པ།
         བྷོ་ཧེར་ཨོ་ལིམ་ཕིག་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་ཨའེ་ཏིང་ལུས་རྩལ་ལ་དགའ་བའི་མི་ཞིག་ཡིན་པ་མ་ཟད་བྷོ་ཧེར་དུའང་སྐད་གྲགས་ཅུང་ཙམ་ཆོད་པའི་སྒྱུ་རྩལ་མཁས་ཅན་ཞིག་ཀྱང་ཡིན་ཞིང་། ལོ་ལྔའི་གོང་ཁོང་ཀྲུང་གོར་ཡོང་མྱོང་ཡོད་པ་རེད།
         གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཁོང་གིས་ལུས་རྩལ་དང་སྒྱུ་རྩལ་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད། པེ་ཅིང་དང་ཤིས་ཨན་དུ་ཡུལ་སྐོར་དུ་འགྲོ་སྐབས་དཔོག་པར་དཀའ་བའི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ལ་ང་དངོས་གནས་ཧང་སངས་བྱུང་ཞེས་བཤད།
         ཁོང་གིས"ཀྲུང་གོའི་གྲོགས་པོ་བྷོ་ཧེར་ཨོ་ལིམ་ཕིག་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་ལ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་ལས་རིགས་གཅིག་པ་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་ཉམས་མྱོང་སྤེལ་རེས་བྱེད་འདོད་ཆེན་པོ་ཡོད"ཅེས་བཤད།
         བྷོ་ཧེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་པོས་བཅར་འདྲི་དང་ལེན་གནང་སྐབས་ཀྲུང་བྷོའི་དབར་གྱི་མཛའ་གྲོགས་དེ་གློག་བརྙན་《ཝར་ཐེས་ས་ར་ཡེ་ཝོ་སྲུང་བ་》ཞེས་པ་དང་འབྲེལ་བ་ཆེན་པོ་ཡོད། ཡིན་ནའང་དེ་ཁོ་ན་ཙམ་མིན། ས་ར་ཡེ་ཝོ་ནི་1984ལོར་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་ཡུལ་ཡིན་ཞིང་། དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་24པ་2022ལོར་ཀྲུང་གོའི་པེ་ཅིང་དང་ཀྲང་ཅ་ཁའུ་རུ་གཉེར་རྒྱུ་ཡིན་པས་ཨོ་རྩལ་འགྲན་ཚོགས་ཀྱི་མཉམ་ལས་ཀྱང་ཀྲུང་བྷོ་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་པའི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་འགྱུར་སྲིད་ཅེས་གསུངས་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།