འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྔ་པ་ཁུལ་འཛམ་ཐང་རྫོང་ཡུལ་བཞི་གྲོང་ཚོས་གྲོང་མི་ཚོའི་ནད་གཞི་ཆུང་ངུ་གྲོང་ཚོ་ནས་
    བཅོས་ཐུབ་པ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་12ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྐང་པ་གཡས་པར་བརྡབས་ཆག་ཤོར་བར་དུས་ཐོག་ཏུ་སྨན་བཅོས་བྱེད་མ་ཐུབ་པར་དབང་པོ་སྐྱོན་ཅན་དུ་གྱུར་ནས་ལོ་གསུམ་ཉལ་ཁྲི་ལས་འབབ་མྱོང་མེད་པའི་རྔ་པ་ཁུལ་འཛམ་ཐང་རྫོང་ཕོ་སུལ་ཤང་ཡུལ་བཞི་གྲོང་ཚོའི་དུད་ཚང་དབུལ་པོ་དཔལ་རྣམ་ད་ལྟ་འཁར་བ་ལ་བརྟེན་ནས་དལ་བུར་འགྲོ་ཐུབ། “འདི་ནི་ང་ཚོའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ལུའོ་ཧྲེང་གི་དྲིན་ཡིན། གལ་སྲིད་ཁོང་གིས་ཁྲོན་པེ་གསོ་རིག་སློབ་གླིང་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས་ང་ལ་གཤགས་བཅོས་བྱས་མེད་ན་ང་མི་ཚེ་གང་བོ་ཉལ་ཁྲིའི་ཐོག་སྐྱེལ་དགོས་ཀྱང་སྲིད”ཅེས་དཔལ་རྣམ་གྱིས་སེམས་འགུལ་ཐེབས་པའི་ངང་བཤད།
         ཡུལ་བཞི་གྲོང་ཚོ་ནི་འཛམ་ཐང་རྫོང་གི་གྲོང་ཚོ་དབུལ་པོའི་གྲས་ཤིག་ཡིན་ལ། གྲུམ་བུ་ཚིགས་ཆེན་ནད་དང་གྲུམ་བུའི་ནད་ཐོན་མང་ཤོས་ཀྱི་ས་ཁོངས་ཤིག་ཀྱང་ཡིན། གྲོང་མི་32%ནད་པ་ཡིན་པས་ནད་གཞི་ནི་གྲོང་ཚོ་དེའི་དུད་ཚང་མི་ཉུང་བ་ཞིག་དབུལ་པོ་ཆགས་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད། ཐག་རིང་ལུང་ཁུག་ཏུ་གནས་རྐྱེན་གྲོང་མི་ཚོར་བདེ་ཐང་གི་འདུ་ཤེས་ཟབ་མོ་མེད་པ་རེད། ཡུལ་བཞི་གྲོང་ཚོར་བཅའ་སྡོད་ལ་མངགས་པའི་སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱི་དབུལ་སྐྱོར་ལས་བྱེད་པ་སླེབས་རྗེས་བདེ་ཐང་དབུལ་སྐྱོར་དེ་དམ་འཛིན་བྱ་རྒྱུའི་ནང་དོན་ཨང་དང་པོར་བརྩིས་པ་རེད།
         མཐུན་སྦྱོར་བྱས་པ་བརྒྱུད། ཁྲོན་པེ་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་གིས་སྔ་རྗེས་སུ་ཐེངས་གཉིས་ལ་རིགས་གཅིག་མཁས་ཅན་50གྲོང་མི་ཚོའི་ཁྱིམ་དུ་མངགས་ནས་ནད་པ་མི་ཐེངས་400ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་ཏེ་སྨན་ཡོན་སྒོར་ཁྲི་གཅིག་ལྷག་ཙམ་རི་བའི་སྨན་སྤྲད་པ་རེད། དུད་ཚང་དབུལ་པོའི་ནད་གཞིའི་གནས་ཚུལ་ལྟར་ཁྲོན་པེ་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་གིས་བསྐྱལ་ཡོང་བའི་སྨན་རྫས་དག་དབུལ་སྐྱོར་ལས་བྱེད་པས་ཕྲག་པར་ཁུར་ནས་དུད་ཚང་དབུལ་པོ་ཚོར་རེ་རེ་བཞིན་བསྐྱལ་བ་རེད།
         ཡུལ་བཞི་གྲོང་ཚོའི་དེ་སྔའི་འཕྲོད་བསྟེན་ཁང་ནི་གྲོང་མི་ཞིག་གི་ཁྱིམ་དུ་ཡོད་པས་འཕྲོད་བསྟེན་གྱི་ཆ་རྐྱེན་དང་མི་འཚམ་པ་མ་ཟད་ད་དུང་ཧ་ཅང་ཞིག་རལ་དུ་གྱུར་ཡོད་པས་གྲོང་མི་ཚོས་ནད་གཞི་བཅོས་རྒྱུ་དེ་དཀའ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད། གྲོང་མི་ཚོའི་རྒྱུན་མཐོང་ནད་རིགས་དང་ཐོན་མང་པོའི་ནད་སོ་སོའི་སྒོ་ཁར་བཅོས་ཐུབ་པར་བྱེད་དགོས་ན། ཚད་ལྡན་ཅན་གྱི་འཕྲོད་བསྟེན་ཁང་ཞིག་འཛུགས་དགོས་པ་མ་ཟད། ད་དུང་ཆུ་ཚད་མཐོ་བའི་གྲོང་ཚོའི་སྨན་པ་ཡང་གདན་དྲངས་དགོས། དབུལ་སྐྱོར་ལས་བྱེད་པས་འབད་བརྩོན་བྱས་མཐར་འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་བྱ་ཆེད་དུ་མ་དངུལ་སྒོར་ཁྲི་35རག་པ་མ་ཟད། ད་དུང་གྲོང་ཚོ་ནང་དུ་གཅོང་ནད་ཕོག་པའི་ནད་པ་ཅུང་མང་པོའི་གནས་ཚུལ་ལ་གཞིགས་ནས་སྙུན་དྭངས་དངོས་ལུགས་གསོ་བཅོས་ཁང་ཞིག་ཀྱང་ཆེད་དུ་བསྣན་པ་རེད།
         2016ལོའི་ཟླ་དགུ་པར། རང་རྐྱ་འཕེར་ཅིང་ཚད་ལྡན་ཅན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་དེ་བསྐྲུན་ཚར་རྗེས་སྨན་རྫས་ཉོ་བ་དང་སྒྲིག་ཆས་བསྒར་བ་སོགས་ལས་ཀ་བྱེད་འགོ་ཚུགས་པ་རེད། ད་ཆ་འཕྲོད་བསྟེན་ཁང་དེས་རྟག་ཏུ་ཞིང་ཆེན་སྨན་ཁང་གི་རིགས་གཅིག་མཁས་ཅན་གདན་དྲངས་བས་གྲོང་མི་ཚོ་ནད་གཞི་ཆུང་ངུ་བཅོས་པར་གྲོང་ཚོ་ལས་ཕྱིར་སྐྱོད་དགོས་ཀྱི་མེད་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།