འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།གནད་སྨིན་དབུལ་སྐྱོར་གྱི་དར་དགོས་གསར་པར་འཚེམ་དྲུབ་ཡག་པོ་བརྒྱབ་པ།

    —— སི་ཁྲོན་གྱི་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་མཐོང་ཐོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་06ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨུ་མོང་ཧྲན་རི་གཤམ་དུ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ཁང་པ་སྟར་ཕྲེང་འགྲིག་པ་དང་། ཏ་ལེའང་ཧྲན་རི་བོའི་ཟོམ་དུ་དབུལ་སྒྲོལ་བྱུང་རྗེས་ཀྱི་དབྱིས་རིགས་གྲོང་སྡེར་ཤེས་དཔལ་གྱི་དར་སྲོལ་གསར་པ་དར། ལུའུ་ཧྲན་གེགས་ཁུལ་དུ་གྲོང་མི་རྣམས་དབུལ་སྒྲོལ་འབབ་འཕར་གྱི་ལམ་བུའི་ཐོག་དྲིན་ཚོར་བསམ་པ་འཆང་བཞིན་འབད་འབུངས་ཡར་བརྩོན་བྱེད་བཞིན་མཆིས།
         སི་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་བཏོན་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་ནས་མང་ཚོགས་དབུལ་པོ“ཁང་པ་ཡག་པོར་སྡོད་ཐུབ་པ་དང་། འཚོ་བ་ཡག་པོ་སྐྱེལ་ཐུབ་པ། གོམས་གཤིས་བཟང་པོ་འཇགས་ཐུབ་པ། དར་སྲོལ་བཟང་པོ་ཆགས་ཐུབ་པ”བཅས་བྱས་ཤིང་། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་2012ལོའི་ལོ་མཇུག་གི་མི་ཁྲི་750ནས་ན་ནིང་ལོ་མཇུག་གི་མི་ཁྲི་272བར་ཉུང་འཕྲི་བྱུང་བ་དང་དབུལ་པོ་ཐོན་ཚད་11.5%ནས་4.3%བར་ཆག་ཡོད་པ་རེད།
       “སྤྲང་ཚང”ནས་སྤོས་པས་འབབ་འཕར་ཐབས་ལམ་རྙེད་པ།
        རི་མགོར་ཆུ་དཀོན་ཡང་ཝང་ཝུན་ཕིང་གིས་ཆར་པ་བབས་དོགས་ཀྱི་སེམས་ཁྲལ་བྱེད། དྲག་ཆར་འབབ་ཚེ་རི་ལྡེབས་ཀྱི་ཞིང་ས་ཚང་མ་རི་གཤམ་དུ་ཉིལ་བ་མ་ཟད། བགྲང་བྱ་30ལྷག་གི་གོང་དུ་བརྒྱབ་པའི་ཤིང་ཁང་གིས་ཆར་རླུང་འགོག་ཐབས་བྲལ། མི་ལས་ལ་བརྩོན་ཡང་ས་ཞིང་དཀོན་པས་ཀུའུ་ལིན་རྫོང་ཧྥུའུ་མིང་གྲོང་ཚོའི་ཝང་ཝུན་ཕིང་གི་འཚོ་གོས་ཧ་ཅང་སྐྱོ་པོར་གྱུར་ནས། མདུན་གྱི་ཕྲུ་གུ་གཉིས་དང་མགོ་ཐོག་གི་རི་ཆེན་ལ་ལྟ་བཞིན་ལོ་ན་40ལ་སླེབས་པའི་མེའོ་རིགས་ཀྱི་ཕོ་རྒོད་དེ་ཤུགས་ཡོད་ཀྱང་འདོན་ས་མེད་པའི་གནས་སུ་ལྷུང་།
        2016ལོར་ཀུའུ་ལིན་རྫོང་གི་མི་འབོར་དབུལ་པོ་ཁྲི་1.37ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱུང་ནས་ཝང་ཝུན་ཕིང་དངུལ་སྐར་མ་གཅིག་ཀྱང་འདོན་མི་དགོས་པར་སྨི་ངོས་གྲུ་90ཡོད་པའི་ཨར་འདམ་གྱི་ས་ཕག་ཁང་པར་སྤོ་རྒྱུ་བྱུང་། “རི་གཤམ་དུ་ལས་ཀ་མང་བས། ལོ་ཕྱེད་རིང་གླ་པ་རྒྱུག་ནས་སྒོར་15000གསོག་ཐུབ་བྱུང”ཞེས་དབུལ་སྒྲོལ་བྱུང་མ་ཐག་པའི་ཝང་ཝུན་ཕིང་ལུས་པོ་ཤུགས་ཀྱིས་ཁེངས། ཁོང་གིས་དབུལ་སྐྱོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་སྒོར་ཁྲི་2གཡར་ནས་ཕག་པ་12གསོས་པ་དང་། བཏབ་པའི་མུའུ་ཀྭ་མཉམ་ལས་ཁང་གིས་ཉོ་སྒྲུབ་བྱེད་པ། གྲོང་གསེབ་ཀྱི་ཡུལ་སྐོར་དང་ཟུང་འབྲེལ་གྱིས་ཞིང་པའི་སྣེ་ལེན་ཁང་བཙུགས་པ་སོགས་བྱས།
        སི་ཁྲོན་དུ་ཝང་ཝུན་ཕིང་དང་འདྲ་བར“ཡུལ་དེའི་ས་ཆས་ཡུལ་དེའི་མི་གསོ་སྐྱོང་མ་ཐུབ་པའི”ཐབས་རྡུགས་ཀྱི་གནས་ལས་སྤོས་ཏེ་ཁྱད་ལྡན་ཞིང་ནགས་ལས་དང་། ངལ་ནུས་དཔལ་འབྱོར། ཐོན་ཁུངས་ཁེ་འབབ་སོགས“དབུལ་སྒྲོལ་ཐབས་ལམ”བརྒྱུད་ལས་དབང་ལ་འགྱུར་ལྡོག་བཏང་བའི་གཏམ་རྒྱུད་ཧ་ཅང་མང་།
        དབུལ་པོ་ཆགས་ཚད་19.7%ཟིན་པའི་ཞུའེ་ཡུང་རྫོང་ཡན་ཐང་གྲོང་ཚོའི་གནས་སྤོས་གྲོང་མིས་ཁེ་ལས་ཀྱི་ཚད་གཞི་མཐོ་བའི་ཐན་ཁྲེང་ཚ་ལུ་མ་མུའུ་1000ལ་བརྟེན་ནས་ཤིང་འབྲས་འདེབས་པ་དང་། མ་རྐང་ནང་ཞུགས་ནས་བགོ་འགྲེམས་ཐོབ་པ། གྲོང་གསེབ་ཀྱི་ཡུལ་སྐོར་སོགས་བརྒྱུད་འདི་ལོ་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་རྒྱུ་ཡིན་པ་རེད།
        སི་ཁྲོན་གྱི་ཡུལ་གཞན་དུ་གནས་སྤོས་བྱ་ཡུལ་མི་ཁྲི་116ཡོད་པ་ནས་2016ལོར་མ་རྩ་སྒོར་དུང་ཕྱུར་165.5བཏང་ནས་མི་ཁྲི་33.26ཝང་ཝུན་ཕིང་དང་འདྲ་བར་ཁང་པ་གསར་པར་སྤོ་རྒྱུ་བྱུང་བ་དང་། དུད་ཚང་རེས་རང་གྲབས་བྱས་པ་སྒོར་ཁྲི་1ལས་བརྒལ་མེད་པར་ཉུང་མཐར་ཡང་མི་ཁྲི་17དབུལ་སྒྲོལ་བྱུང་ཡོད་པ་རེད།
        དབུལ་སྐྱོར་བྱ་ཐབས་མཉམ་དུ་ལག་ལེན་བསྟར། དབྱིས་རིགས་བོད་རིགས་ཁུལ་ལ་འཕོ་འགྱུར་ཆེ།
        སི་ཁྲོན་དུ་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་4ཡོད་པ་དང་ལྷག་པར་དུ་དབུལ་པོ་ཐོན་ཚད་སྔར་བཞིན་ཁག་སོ་སོར་21.4%དང་12.8%ཟིན་པའི་ལེའང་ཧྲན་ཆེ་ཆུང་གཉིས་ཀྱི་དབྱིས་རིགས་ཁུལ་དང་ས་མཐོའི་བོད་རིགས་ཁུལ་གྱི་དབུལ་སྒྲོལ་དཀའ་ཚེགས་ཧ་ཅང་ཆེ། དབྱིས་རིགས་ཁུལ་གྱི“དབུལ་སྐྱོར་འདུ་འགོད་ཁག་བཅུ”དང་བོད་རིགས་ཁུལ་གྱི“དམངས་འཚོའི་འདུ་འགོད་ཁག་དྲུག”སོགས་བྱ་ཐབས་ནུས་ལྡན་ལས་དེ་ཁུལ་དུ་འཕོ་འགྱུར་གྱི་གཤོག་ཟུང་བསྒར་བཞིན་མཆིས།
         སི་ཁྲོན་གྱིས“དབྱིས་རིགས་སྡེ་གསར་དང་། བོད་རིགས་ཁང་གསར། པཱ་ཧྲན་ཁང་གསར། ཨུ་མོང་གྲོང་གསར”བཅས་ཀྱི་དམིགས་བསལ་སྲིད་ཇུས་ལག་ལེན་བསྟར་བར། ཨ་སྨི་ཀེ་ཀྲེས་ཁ་གསབ་སྒོར་ཁྲི་4བཏོན་ནས་རང་གིས་ངལ་ནུས་བཏོན་ཏེ་ཐོག་སོ་གཉིས་ལྡན་གྱི་ཁང་པ་ཞིག་བརྒྱབ་པ་དེའི་ཤོད་ཁང་དུ་ཕག་པ་དང་བ་ཕྱུགས་གསོ་བ་དང་སྟེང་ཁང་དུ་ཁང་མིག་བཞི་ཡོད་པ་མ་ཟད། ད་དུང་གསང་སྤྱོད་དང་། མཛོད་ཁང་། སྒོ་ར་བཅས་ཡོད་པ་རེད།
        པོར་གྲོང་ཚོ་ས་བབ་མཐོ་ཚད་སྨི་2600སར་གནས་པ་དེ་མཐོ་གྲང་རི་ཁུལ་གྱི་དབྱིས་རིགས་འདུས་སྡོད་ཁུལ་ཡིན་ཞིང་། སྔོན་མ་གྲོང་མི་ཚོས་ཞོག་གོག་དང་བྲ་བོ་ལས་འདེབས་མི་ཤེས་པ་གང་ཞིག་ཐོན་འབབ་ཞན་པོ་ཡོད་པ་རེད། ད་ཆ་ཞོག་གོག་སྣ་ཁ་གསར་པ་ཁྱབ་གདལ་བཏང་བ་ལས་མུའུ་རེ་ནས་ཐོན་འཕར་རྒྱ་མ་ཉིས་སྟོང་སུམ་སྟོང་ཡོང་གི་ཡོད་པ་མ་ཟད། ད་དུང“ཞིང་པའི་མཚན་མོའི་སློབ་གྲྭ”ནས་ཚང་མར་སྔོ་ཚལ་དང་ཀྲུང་ལུགས་སྨན་རྩྭ་འདེབས་སྟངས་སློབ་ཀྱི་ཡོད།
        དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་སྒམ་ཁང་གྲོང་ཚོའི་ལོ་ན་61ལ་སླེབས་པའི་ཚེ་རིང་ཆོས་མཚོའི་ཁྱིམ་དུ་ཆུ་ཀ་ལ་སྤྱོད་རྒྱུ་བྱུང་བ་དང་། ལེའང་ཧྲན་ཀྲོའུ་ཏེ་ཁྲང་རྫོང་ཤིན་ཐང་གྲོང་ཚོའི་གནས་སྤོས་དུད་ཚང་གི་ཕྲུ་གུ་ཚོ་གྲོང་རྡལ་དུ་སློབ་གྲྭར་བསྐྱོད་ཐུབ་པ་བྱུང་ཡོད། དབྱིས་རིགས་ཁུལ་དང་བོད་རིགས་ཁུལ་དུ་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་1.9གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་བོད་རིགས་ཁུལ་གྱི་མི་ཁྲི་36ལ་གློག་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད། དབུལ་སྐྱོར་བྱ་ཐབས་སྣ་མང་མཉམ་དུ་ལག་ལེན་བསྟར་བ་ལས་2016ལོར་སི་ཁྲོན་བོད་རིགས་དང་དབྱིས་རིགས་ཁུལ་གྱི་མི་ཁྲི་11.7དབུལ་སྒྲོལ་བྱུང་ཡོད་པ་རེད།
        གནད་སྨིན“ཐིགས་ཆུ་གཏོང་འདྲའི”བྱ་ཐབས་ལས། ལོ་རེར་མི་འབོར་ཁྲི་བརྒྱ་དབུལ་སྒྲོལ་ཐུབ།
        “ངའི་བཟའ་ཟླ་རྫོང་གྲོང་གི་བཟོ་ལས་གླིང་དུ་གླ་པ་རྒྱུག་པར་ཟླ་རེར་གླ་ཕོགས་སྒོར་2300བབས་ཀྱི་འདུག་ལ། ན་ནིང་ཁྱིམ་ཚང་ལ་ཡོང་འབབ་སྒོར་ཁྲི་4ལྷག་བྱུང་། དེ་མིན་ན་ནིང་མི་བཞི་ས་ཞིང་མུའུ་2ལ་བརྟེན་ནས་དབུལ་སྒྲོལ་ཇི་ལྟར་བྱེད་ཐུབ་བམ”ཞེས་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་ཐུང་མོང་གྲོང་ཚོའི་ཝུན་ཅཱ་ཝུའུ་ཡིས་བཤད།
        གྲོང་ཚོ་དེ་གའི་ཝུན་ཞིས་ཀྲེ་ལོ་ན་68ལ་སླེབས་པ་དང་གླ་པ་རྒྱུག་པར་འགྲོ་ཐབས་བྲལ་བས་དབུལ་སྐྱོར་ལས་བྱེད་པས་ཁོང་ལ་ས་རྒོད་སྤྱད་ནས་བྱ་དེ་700ལྷག་ཙམ་གསོ་རོགས་བྱས་པར་ལོ་རེར་མི་རེའི་ཡོང་འབབ་སྒོར་5100ཟིན་གྱི་ཡོད། “ཁྱིམ་ཚང་སོ་སོའི་གནས་ཚུལ་མི་འདྲ་བས་དུད་ཚང་སོ་སོའི་འབབ་འཕར་ཐབས་ལམ་ཡང་མི་འདྲ། གྲོང་ཚོས་ད་དུང་ཚད་གཞི་དང་མི་འཚམ་པའི‘དུད་ཚང་དབུལ་པོའི’མི་15ཕྱིར་འཐེན་བྱས་པ་དང་དབྱེ་འབྱེད་གསར་དུ་བྱས་ནས་མི་འབོར་དབུལ་པོ་19གསབ་སྣོན་བྱས་ཡོད། གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཡོང་བའི་ཐབས་ཤེས་བཟང་ཤོས་ནི་གནད་སྨིན་གྱི‘ཐིགས་ཆུ་གཏོང་འདྲའི’བྱ་ཐབས་སྤྱོད་རྒྱུ་དེ་རེད”ཅེས་ཐུང་མོང་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་དབྱང་ཧྲའེ་ཡིས་བཤད།
        གནད་སྨིན་དབྱེ་འབྱེད་ཡོང་ཕྱིར་སི་ཁྲོན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲངས་གཞི་ཆེ་མོའི་ལས་སྟེགས་བཏོད་ཅིང་། གནད་སྨིན་དབུལ་སྐྱོར་བྱེད་ཕྱིར་སི་ཁྲོན་གྱིས་རིགས་དབྱེ་ནས་གནས་སྤོས་ཡུལ་མི་ཁག་གཅིག་གནས་སྤོས་བཀོད་སྒྲིག་དང་གེགས་རྗེས་བསྐྱར་སྐྲུན་ཁག་གཅིག་ལ་རོགས་སྐྱོར་སོགས“ཁག་གཅིག་ལྔའི”དབུལ་སྐྱོར་འགག་སྒྲོལ་བྱ་སྤྱོད་འཆར་གཞི་ལག་ལེན་བསྟར་བ་རེད།
        ཝུན་ཅཱ་ཝུའུ་ཚང་གི་སྨི་ངོས་གྲུ་130ཡོད་པའི་ས་ཕག་དང་ཨར་འདམ་ལས་གྲུབ་པའི་སྡོད་ཁང་གསར་པ་ནི་ལུའུ་ཧྲན་གེགས་རྗེས་ཀྱི་ཞིང་པའི་ཁང་པ་བསྐྱར་སྐྲུན་ཁ་གསབ་དང་སྐྱེད་གསབ་དངུལ་བུན་སྤྱད་ནས་བསྐྲུན་པ་ཞིག་རེད། མ་དངུལ་སྒོར་དུང་ཕྱུར་129བཏང་བའི་གེགས་རྗེས་བསྐྱར་སྐྲུན་རྣམ་གྲངས་ཁག་370ལྷག་ཙམ་གྱིས་ལུའུ་ཧྲན་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། གཡག་རྔ་གྲོང་ཁྱེར་གྱི་མི་འབོར་དབུལ་པོ་2013ལོའི་ཁྲི་10.37ནས་ན་ནིང་གི་ཁྲི་1.8བར་དུ་ཉུང་དུ་ཕྱིན་ཡོད་པ་རེད།
        ལས་ཞུགས་དབུལ་སྐྱོར་ཐད་མི་ཁྲི་84.2ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། ནོར་སྲིད་དངུལ་རྩའི་དབུལ་སྐྱོར་གྱི“ཐེབས་རྩ་རྣམ་བཞིའི”དངུལ་འབོར་སྒོར་དུང་ཕྱུར་70ཟིན་པ། མི་རིགས་རང་སྐྱོང་ས་ཁུལ་གྱི་རྫོང་51ལ་ལོ་བཅོ་ལྔའི་རིང་རིན་མེད་སློབ་གསོ་ལག་བསྟར་བྱས་པ་སོགས་གནད་སྨིན་ཇུས་འདོན་བྱས་པ་བརྒྱུད། ཉེ་བའི་ལོ་ཤས་རིང་སི་ཁྲོན་གྱིས་ཆ་སྙོམས་ལོ་རེར་དབུལ་པོ་ཁྲི་100ཡན་ཉུང་དུ་གཏོང་ཐུབ་ཡོད། 2017ལོའི་དབུལ་སྐྱོར་ཆེད་དོན་རྣམ་གྲངས་ཁག་22ལ་མ་དངུལ་སྒོར་དུང་ཕྱུར་1000ལྷག་བཏང་ནས“རྫོང་བཅུ་དྲུག་གི་དབུལ་ཞྭ་ཕུད་རྒྱུ་དང་། གྲོང་ཚོ་3700དབུལ་ཁོངས་ལས་ཕྱིར་སྒྲོལ་རྒྱུ། མི་ཁྲི་105དབུལ་སྒྲོལ་བྱ་རྒྱུ”བཅས་བྱེད་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།