འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི"ནམ་མཁའི་མེ་ལོང"དུས་གཏན་མེ་འཁོར་གྱིས་ཚྭ་ཁ་མཚོའི་ཡུལ་སྐོར་འཕེལ་
    རྒྱས་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་28ཉིན་གྱི་ཞོགས་པ། རླངས་དུང་གྲགས་པ་དང་བསྟུན་ནས་ཚྭ་ཁ་མཚོའི་ཡུལ་སྐོར་ཆེད་གཏོང་མེ་འཁོར“ནམ་མཁའི་མེ་ལོང”རྟགས་ཅན་ཟི་ལིང་བབས་ཚུགས་ནས་དལ་བུར་ཚྭ་ཁ་མཚོའི་ཕྱོགས་སུ་ཐོན།
         “ནམ་མཁའི་མེ་ལོང”རྟགས་ཅན་གྱི་དུས་གཏན་མེ་འཁོར་ཟི་ལིང་བབས་ཚུགས་ནས་ཐོན་པ་དང་། ལམ་བར་དུ་མཚོ་སྔོན་པོའི་འདབ་ཆགས་གླིང་ཕྲན་རང་བྱུང་སྲུང་སྐྱོབ་ཁུལ་དང་ཐེམ་ཆེན་རྩྭ་ཐང་སོགས་མཛེས་ལྗོངས་ལྟ་ན་སྡུག་པའི་ཡུལ་དུ་སླེབས། ཆུ་ཚོད་4ཙམ་འགོར་བའི་ལམ་ཐག་དེར་ཡུལ་སྐོར་བ་ངལ་དུབ་གང་ཡང་བྱུང་མེད་པ་རེད། གང་ལགས་ཤེ་ན། ཕྱི་རོལ་གྱི་མཛེས་ལྗོངས་དག་ལས་ཡུལ་སྐོར་བར་སྤྲོ་སྣང་དཔག་མེད་སྦྱིན་གྱི་ཡོད། “མ་གཞི་ང་ངལ་གསོས་ནས་ཚྭ་ཁ་མཚོར་འབྱོར་རྗེས་དེ་གའི་མཛེས་ལྗོངས་མྱོང་རོལ་བྱེད་དགོས་བསམ་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ནི་ལམ་བར་གྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཀྱིས་ང་རང་ལྟ་བས་མི་ཁོམ་པ་ཞིག་བཟོས་བྱུང་། དེ་ལས་མཐའ་མའི་བབས་ཚུགས་ཀྱི་མཛེས་ལྗོངས་ལ་རེ་སྒུག་བྱེད་འདོད་ཆེན་པོ་སྐྱེ་སོང”ཞེས་ཝུའུ་ལུའུ་མུའུ་ཆི་ནས་ཡིན་པའི་ཡུལ་སྐོར་བ་ཝང་ཤུས་ཀྱིས་བཤད།
         ཆུ་ཚོད་12དང་སྐར་མ་23ཐོག དུས་གཏན་མེ་འཁོར་དེ་ཀྲུང་གོའི“ནམ་མཁའི་མེ་ལོང”ཞེས་བརྗོད་པའི་ཚྭ་ཁ་མཚོར་འབྱོར། ཚྭ་ཁ་མཚོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཝུའུ་ལམ་རྫོང་ཚྭ་ཁ་གྲོང་རྡལ་དུ་ཆགས་ཡོད། ས་བབ་སྨི་3000ལྷག་ཙམ་ཟིན་པའི་ཡུལ་དེའི་ཕྱོགས་བཞི་གངས་རིས་སྐོར་བ་དང་དྭངས་གཙང་ཆུ་མོའི་སྟེང་དུ་ཨ་སྔོན་གསལ་ལེར་ཤར་བས། རང་བྱུང་གི་མེ་ལོང་ལྟར་དུ་སྣང་ཞིང་། ཡུལ་དེའང་རྒྱལ་ཁབ་ས་གཤིས་དུས་དེབ་ཐོག“ཚེ་གང་རིང་ངེས་པར་དུ་སྐྱོད་དགོས་པའི་ས་ཆ་55གྲས་སུ”བདམས་པ་རེད།
         ཉེ་བའི་ལོ་ཤས་རིང་། ཚྭ་ཁ་མཚོར་སྐྱོད་མཁན་ཡུལ་སྐོར་བ་ཇེ་མང་དུ་སོང་བ་དང་བསྟུན་ནས་མཚོ་བོད་ལྕགས་ལམ་ཀུང་སིས་2016ལོར་ཡུལ་སྐོར་བ་མང་བའི་དུས་སུ“ནམ་མཁའི་མེ་ལོང”རྟགས་ཅན་གྱི་ཡུལ་སྐོར་དུས་གཏན་མེ་འཁོར་ཐོག་མར་ཤར་གཏོང་བྱས་པ་རེད། འདི་ལོའི་ཟླ་5པ་ནས་10པའི་བར་མུ་མཐུད་ཤར་གཏོང་བྱ་རྩིས་ཡོད་པ་དང་ཉིན་རེར་དུས་གཏན་མེ་འཁོར་འགྲོ་འོང་ཐེངས་རེ་བྱེད་པ་དང་། མེ་འཁོར་ནང་རྐུབ་སྟེགས་ཡོད་ལ་ཉལ་སའང་ཡོད།
          ཚྭ་ཁ་མཚོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་རེན་ཙི་ཧྭས་གསར་འགོད་པར་ན་ནིང་ཡུལ་སྐོར་དུས་གཏན་མེ་འཁོར་ཐོག་མར་ཤར་གཏོང་བྱས་རྗེས། ཚྭ་ཁ་མཚོས་ལོ་གཅིག་ནང་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་170ལས་བརྒལ་ཡོད། དེ་2015ལོ་ལས་མི་ཐེངས་ཁྲི་70ལྷག་ཙམ་གྱིས་མང་བ་ཡོད། “‘ནམ་མཁའི་མེ་ལོང’རྟགས་ཅན་ཤར་གཏོང་བྱས་པ་དེས་ང་ཚོའི་ཚྭ་ཁ་མཚོའི་མཛེས་ལྗོངས་ཁུལ་དང་ཝུའུ་ལམ་རྫོང་གི་དཔལ་འབྱོར་ལ་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད”ཅེས་རེན་ཙི་ཧྭ་ཡིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།