འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོའི་འཕྲལ་སྡོམ་སྨན་བཅོས་རུ་ཁག་གཞན་ཞིག་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་
    ཀྱི་ཁས་ལེན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 12:05】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། སྐབས་70པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་འཚོག་རིང་ཚེས་26ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་འཕྲལ་སྡོམ་སྨན་བཅོས་རུ་ཁག(ཀོང་ཏུང)འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁས་ལེན་དཔྱད་དཔོག་ཐེངས་གཉིས་པ་བྱེད་པའི་ནང་རྒྱལ་སྤྱིའི་འཕྲལ་སྡོམ་སྨན་བཅོས་རུ་ཁག་ཏུ་གྱུར་པའི་ཁྱབ་བསྒྲགས་བྱས་པ་རེད། དེ་གོང་ཧྲང་ཧའེ་ཡི་འཕྲལ་སྡོམ་སྨན་བཅོས་རུ་ཁག་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁས་ལེན་ཐེངས་དང་པོ་ཐོབ་པའི་རུ་ཁག་གི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།
         ཀྲུང་གོའི་རྒྱལ་སྤྱིའི་འཕྲལ་སྡོམ་སྨན་བཅོས་རུ་ཁག(ཀོང་ཏུང)གི་སྔ་མིང་ལ་ཀོང་ཏུང་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པའི་རྒྱལ་ཁབ་འཕྲལ་སྡོམ་གསོ་རིག་རོགས་སྐྱོབ་རུ་ཁག་ཟེར་བ་དང་། 2013ལོའི་ཟླ་1པོར་ཁག་དང་པོའི་མིང་འདོགས་ནང་རྒྱལ་ཁབ་འཕྲོད་བསྟེན་འཕྲལ་སྡོམ་རུ་ཁག་ཏུ་གྱུར་པ་རེད། རུ་ཁག་དེས་ཛ་དྲག་གི་གསོ་རིག་རོགས་སྐྱོར་ལས་འགན་དང་ཀོང་ཏུང་ཞིང་ཆེན་གྱི་བྱེད་སྒོ་ཆེ་གྲས་ཁག་དང་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་འདུའི་སྨན་བཅོས་འགན་ལེན་ལས་དོན་ནང་ཞུགས་མྱོང་བ་དང་འབྲེལ་2015ལོར་ཀྲུང་གོའི་རྒྱལ་ཁབ་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱི་མངགས་བཅོལ་ལྟར་མ་ལེ་ཞི་ཡར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་གྱི་གེགས་སེལ་ནང་སྦྱོང་ཐེངས་བཞི་པར་ཞུགས་ནས་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཡོད་པ་རེད།
         འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་2015ལོའི་ཟླ་8པར་རྒྱལ་སྤྱིའི་འཕྲལ་སྡོམ་སྨན་བཅོས་རུ་ཁག་གི་ཐོ་འགོད་ལས་དོན་སྤེལ་འགོ་ཚུགས་པ་དང་། དེ་ནི་དེའི་ཐོལ་བྱུང་དོན་རྐྱེན་གྱི་འཕྲོད་བསྟེན་གྱི་ཁ་གཏད་གཅོག་པའི་འཕྲལ་སྡོམ་དོ་དམ་སྒྱུར་བཅོས་ཀྱི་བྱ་ཐབས་གྲས་ཤིག་ཡིན་པ་རེད། 2016ལོའི་ཟླ་5པར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཀན་ཧྲི་ཁྲེན་ཕུང་ཕུའུ་ཀྲེན་གྱིས་སྐབས་69པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐོག་ཀྲུང་གོའི་རྒྱལ་སྤྱིའི་འཕྲལ་སྡོམ་སྨན་བཅོས་རུ་ཁག(ཧྲང་ཧའེ)དང་ཨུ་རུ་སུའི་རུ་ཁག་གཉིས་མཉམ་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁས་ལེན་དཔྱད་དཔོག་བྱས་པའི་འཕྲལ་སྡོམ་སྨན་བཅོས་རུ་ཁག་ཏུ་གྱུར་བའི་ཁྱབ་བསྒྲགས་བྱས་པ་རེད།
         འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགན་ཁུར་བས་འཕྲལ་སྡོམ་སྨན་བཅོས་རུ་ཁག་གནོད་འཚེའི་ཤུགས་རྐྱེན་ཕོག་པའི་ས་ཁུལ་གྱི་མིར་འཕྲལ་སྡོམ་སྨན་བཅོས་སྨན་གཡོག་བྱེད་མཁན་དུ་གྱུར་ནས་ཛ་དྲག་གནས་ཚུལ་ནང་འགག་རྩའི་ནུས་པ་ཐོན་གྱི་ཡོད། འཕྲལ་སྡོམ་སྨན་བཅོས་རུ་ཁག་ལ་ཁས་ལེན་བྱས་པ་བརྒྱུད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྦྱོང་བརྡར་བྱང་ཆུབ་པའི་སྨན་དོན་མི་སྣ་དང་གྲངས་འབོར་འདང་ངེས་ཀྱི་རུ་ཁག་གིས་ཤུགས་རྐྱེན་ཕོག་པའི་རྒྱལ་ཁབ་དང་། ས་ཁུལ། ཡུལ་མི་བཅས་ལ་སྔོན་དཔག་ཐུབ་ལ་དུས་ཐོག་ཏུ་ཁ་གཏད་གཅོག་པའི་འགན་ལེན་བྱེད་ཐུབ་ཀྱི་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།