འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅༎ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ། ཕྱི་རྒྱལ་གྱི་ཀྲུང་གོ་བའི་སྨྱན་སྦྱོར་སི་ཁྲོན་
    བོད་རིགས་ས་ཁུལ་དུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། "གལ་ཏེ་སྐད་ཆ་ཚིག་གཅིག་གི་ཐོག་ནས་བོད་རིགས་ས་ཁུལ་དུ་བསྐྱོད་པའི་སྐོར་གླེང་དགོས་ཚེ་ངས'ཡིད་དབང་འཕྲོག་བྱུང'ཞེས་ཤོད་སྲིད"རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3400ལྷག་ཙམ་ཡོད་པའི་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་མཛོད་དགེ་རྫོང་དུ་ལོ་73ལ་སླེབས་པའི་ཨ་རིའི་ཕྱི་རྒྱལ་བརྙན་འཕྲིན་ལས་ཁུངས་ཀྱི་ཐའེ་ཀྲང་གཞོན་པ་མོ་ལི་རེན་གྱིས་ཉིན་ཤས་ནང་བོད་རིགས་ས་ཁུལ་དུ་མཐོང་ཐོས་བྱུང་བའི་གནས་ཚུལ་ལ་ཁོང་ཧང་སངས་བྱུང་ཞེས་བཤད།
         ཉེ་ཆར་རྒྱལ་ཁབ་17ནས་ཡོང་བའི་ཕྱི་རྒྱལ་གྱི་ཀྲུང་གོ་བའི་སྨྱན་སྦྱོར་29ཡིས"རིག་གནས་ཀྲུང་གོ·2017ཕྱི་རྒྱལ་གྱི་ཀྲུང་གོ་བའི་སྨྱན་སྦྱོར་སི་ཁྲོན་བོད་རིགས་ས་ཁུལ་དུ་བསྐྱོད་པ"ཞེས་པའི་བྱེད་སྒོ་སྤེལ་ཞིང་། ཁོང་ཚོས་སྤྱི་ལེ་ཆིག་སྟོང་ཙམ་བསྐྱོད་དེ་ལམ་བར་དུ་ཟུང་ཆུ་དང་། གཟི་རྩ་སྡེ་དགུ། མཛོད་དགེ་སོགས་བརྒྱུད་པ་དང་ལམ་བརྒྱུད་དུ་སི་ཁྲོན་རྔ་པ་བོད་རིགས་ས་ཁུལ་གྱི་ཡུལ་སྐོར་དང་། སློབ་གསོ། ཆོས་ལུགས། ཞིང་འབྲོག་པའི་འཚོ་བ་སོགས་ཐད་བཅར་འདྲི་བྱས་ཏེ་ཐག་ཉེ་པོའི་སྒོ་ནས་སི་ཁྲོན་བོད་རིགས་ས་ཁུལ་གྱི་རྣམ་པ་ཉམས་ལེན་བྱས་པ་རེད།
         མཛོད་དགེ་རྫོང་སྟག་ཚ་དགོན་གྲོང་རྡལ་ཤང་ཏུང་གྲོང་ཚོས་2010ལོ་ནས་འབྲོག་པ་གཞིས་ཆགས་ཀྱི་ལས་དོན་སྤེལ་འགོ་བཙུགས་པས་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་པས་རྩྭ་ཆུ་བཟང་སར་གཞིས་ཆགས་པའི་སྲོལ་རྒྱུན་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བྱུང་བ་རེད། འབྲོག་པ་ཚེ་དབང་རིག་ལྡན་ཁྱིམ་གྱི་པང་གཅལ་དང་། གཤེར་ཤེལ་བརྙན་འཕྲིན། བོད་བཟོའི་ཧྲ་ཧྥ་སོགས་མཛེས་བཟོ་རྒྱས་པོ་བྱས་པར་བཅར་འདྲི་ཚོགས་པ་ཧང་སངས་པ་དང"ཁྱེད་ཀྱིས་ཁང་པ་དེ་རྒྱག་པར་འགྲོ་སོང་ཇི་ཙམ་བཏང་ཡོད་དམ། ད་ཆ་ལོ་གཅིག་གི་ཡོང་འབབ་ཇི་ཙམ་ཡོད་དམ"ཞེས་ཁ་ན་ཏའི《ཕུང་ཧྭ་སྐད་སྒྲ》ཡི་གསར་འགོད་པ་ཕེན་དབྱི་ཅུན་གྱིས་སྐད་ཆ་ཡང་ཡང་དྲིས།
         ཕེན་དབྱི་ཅུན་གྱིས"དེ་གར་མ་ཡོང་གོང་བོད་རིགས་ས་ཁུལ་གྱིས་འབྲོག་པ་གཞིས་ཆགས་རྒྱུ་ལག་བསྟར་བྱས་པ་གོ་ཐོས་བྱུང་ཡང་ཁ་ཐོར་ངང་གཞིས་ཆགས་ཡོད་པ་སྙམ་བྱུང་། བསམ་ཡུལ་ལས་འདས་པར་འབྲོག་པ་རྣམས་གཅིག་སྡུད་ངང་གཞིས་ཆགས་འདུག་པ་མ་ཟད་འཚོ་བའི་ཆུ་ཚད་ཀྱང་ཧ་ཅང་མཐོ་བ་དང་འབྲོག་དུད་མང་པོ་ཞིག་ལ་འཇིབ་ཆུང་ཡང་འདུག"གཞོན་ནུའི་སྐབས་ནང་སོག་རྩྭ་ཐང་ཆེ་མོར་འཚོ་བ་སྐྱེལ་མྱོང་བའི་རྒད་པོ་དེས་གསར་འགོད་པར་སི་ཁྲོན་བོད་རིགས་ས་ཁུལ་གྱི་ཞིང་འབྲོག་པའི་འཚོ་བས་རྩྭ་ཐང་སྟེང་འཚོ་བ་སྐྱེལ་བའི་ཁོང་གི་ངོས་འཛིན་གསར་པར་འགྱུར་སོང་ཞེས་བཤད།
         "འབྲོག་པས་འཚོ་བའི་སྤུས་ཚད་དོན་གཉེར་དེ་ལྟ་བུ་བྱེད་པར་རང་ཉིད་ཧང་སངས་བྱུང"ཤང་ཏུང་གྲོང་ཚོར་ལྟ་སྐོར་བྱས་རྗེས་ཨ་རིར་བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་ཐད་ཡུན་རིང་དོ་ཁུར་བྱེད་མཁན་མོ་ལིས་རེན་གྱིས་གསར་འགོད་པར་བཤད་པར་ཁོང་གིས་འབྲོག་པའི་ཁྱིམ་དུད་ཚང་མ་ཞིབ་ཚགས་ངང་བསྐྲུན་པ་ཞིག་ཡིན་པ་དང་འཚོ་བའི་སྤུས་ཚད་དེ་རང་ཉིད་ཀྱི་བསམ་ཚོད་དང་རྦད་དེ་གཅིག་པ་རེད་མི་འདུག"འབྲོག་པ་གཞིས་ཆགས་པར་ཁོང་ཚོའི་ལོ་མང་གི་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་གཏོང་དགོས་པས་ལས་སླ་པོ་ཞིག་མ་ཡིན"ཞེས་བཤད།
         མཛོད་དགེ་རྫོང་སློབ་འབྲིང་དུ་བཅར་འདྲི་ཚོགས་པས་སློབ་སྤྱི་གུ་རུ་བཀྲ་ཤིས་གམ་ནས་སློབ་གྲྭའི་གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱས་པ་མ་ཟད་ད་དུང་སློབ་ཁང་དུ་བསྐྱོད་དེ་དམའ་རིམ་སློབ་འབྲིང་དང་པོའི་དབྱིན་ཡིག་སློབ་ཚན་ཟུར་ཉན་བྱས་པ་རེད། མོ་ལིས་རེན་གྱིས་བོད་རིགས་ས་ཁུལ་གྱི་རྨང་གཞིའི་སློབ་གསོའི་གནས་ཚུལ་ཐད་རང་ཉིད་ཧང་སངས་བྱུང་བས"ཕྲུ་གུ་ཚོའི་དབྱིན་ཡིག་ཁ་སྐད་ཀྱི་ཆུ་ཚད་ཧ་ཅང་ཞན་པོ་འདུག ངས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཁོང་ཚོར་རོགས་རམ་བྱེད་འདོད་འདུག"ཅེས་བཤད།
         མོ་ལིས་རེན་གྱིས་ལོ་ལྟར་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་གིས་གཉེར་བའི་ཕྱི་རྒྱལ་གྱི་གཞོན་ནུ་ལོ་ཆུང་གི་དབྱར་སྒར་སྐབས་སློབ་གསོ་དང་འབྲེལ་ལམ་འཛུགས་ནས་ཕྱི་རྒྱལ་གྱི་དབྱིན་ཡིག་རྨང་གཞི་ཡག་པའི་གཞོན་ནུ་ལོ་ཆུང་དེ་དག་བོད་རིགས་ས་ཁུལ་གྱི་ཕྲུ་གུ་དང་སྤེལ་རེས་བྱེད་དུ་འཇུག་རྒྱུའི་གྲོས་འགོ་བཏོན། "ང་ཚོ་ཕྱི་རྒྱལ་གྱི་ཀྲུང་གོ་བའི་སྨྱན་སྦྱོར་གྱིས་ཀྱང་ཕྱི་རྒྱལ་གྱི་དགེ་རྒན་དེ་གར་ཟུར་ཁྲིད་བྱེད་པར་བཀོད་སྒྲིག་བྱེད་ཆོག་པ་མ་ཟད་དེ་འདྲ་བྱུང་ན་ངས་སྦྲེལ་ཟམ་འཛུགས་འདོད་ཡོད"ཅེས་བཤད།
         གཟི་རྩ་སྡེ་དགུ་རྫོང་གཙང་རྩ་གྲོང་རྡལ་ཐེན་ཐང་ཁའུ་སློབ་ཆེན་སློབ་མའི་ལས་གཏོད་རྟེན་གཞིར་ཨ་རབ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའི་བའི་སྨྱན་སྦྱོར་གྱི་ཅིང་ལི་མའོ་དབྱི་མིང་གིས་དོ་ཁུར་ཆེན་པོ་བྱས་པ་དང་ཁོང་གིས་གསར་འགོད་པར་ལས་གཏོད་རྟེན་གཞི་དེ་ནི་རང་ཉིད་ཀྱི་བསམ་ཡུལ་ལས་འདས་པ་ཞིག་འདུག "གསོ་སྐྱོང་གླིང་ཞེས་པ་ནི་རྟག་ཏུ་དྲ་སྦྲེལ་ལས་རིགས་གསོ་སྐྱོང་བྱེད་པ་ཞིག་ཡིན་མོད། འོན་ཀྱང་འདི་ནི་ཡུལ་སྐོར་ལས་རིགས་གསོ་སྐྱོང་བྱ་ཡུལ་ཞིག་རེད་འདུག"ཅེས་བཤད། མའོ་དབྱི་མིང་གི་ངོས་ནས་བཤད་ན། ལས་གཏོད་རྟེན་གཞི་དེར་བརྟེན་ནས་ས་གནས་དེ་གའི་སློབ་ཆེན་སློབ་མ་སློབ་གྲྭ་ཐོན་རྗེས་ཕ་ཡུལ་འཛུགས་སྐྲུན་བྱེད་པར་ཡོང་ཆོག་ལ། དེ་ལས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་ཐེབས་སྲིད་ཅེས་བཤད་པ་རེད།
         ཐེངས་འདིའི་བཅར་འདྲི་ཚོགས་པས་ད་དུང་ཐག་ཉེ་བའི་སྒོ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་མྱོང་རོལ་བྱས་པ་དང་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས་པའི་ལྷ་མོ་གསེར་ཁྲི་དགོན་དུ་བཅར་འདྲི་ཚོགས་པས་དགོན་སྡེའི་མཁན་པོས་བོད་བརྒྱུད་ནང་བསྟན་གྱི་སྐོར་འགྲེལ་བཤད་རྒྱག་པ་ཉན་པ་དང་མཛོད་དགེ་རྫོང་དུ་ཚང་མས་ལ་དུག་ལ་མི་འཛེམས་པར་ས་གནས་དེ་གའི་བོད་རིགས་མང་ཚོགས་དང་མཉམ་དུ་སྒོར་གཞས་འཁྲབ་པ་རེད།
         བོད་རིགས་ས་ཁུལ་དུ་ཡོང་ཐེངས་གཉིས་པ་ཡིན་པའི་ཅེ་ཁེའི《པུ་ལ་ཀེའི་སྐབས་དོན་ཚགས་པར》གྱི་ལག་བསྟར་ཧྲེ་ཀྲང་ལིའུ་ཏུང་ཧུའེ་ཡིས་ད་ཐེངས་ཀྱི་བཅར་འདྲི་ལས་ཁོང་གི་བསམ་བློའི་ངོས་འཛིན་ལ་འགྱུར་ལྡོག་ཕྱིན་པ་དང་གྲུབ་འབྲས་ཆེན་པོ་ཐོབ་བྱུང་། "མ་གཞི་བོད་རིགས་ས་ཁུལ་དུ་ཡོང་མྱོང་མོད། འོན་ཀྱང་རྒྱུས་མངའ་ཆེན་པོ་དེ་ཙམ་མེད། ད་ཐེངས་བོད་རིགས་མང་ཚོགས་ཀྱི་ཁྱིམ་དུ་ཕྱིན་ནས་ཁོང་ཚོའི་དངོས་ཡོད་ཀྱི་འཚོ་བ་ཤེས་རྟོགས་ཐུབ་བྱུང་བས་དངོས་གནས་ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པ་དེ་རེད"ཅེས་མ་གསང་དྲང་པོར་བཤད།
         ལིའུ་ཏུང་ཧུའེ་ཡིས་ང་ཚོས་དངོས་པར་གློག་བརྙན་ཞིག་བཟོ་རྩིས་བྱེད་ཀྱི་ཡོད་པས་ངས་ད་ཐེངས་ཀྱི་མཐོང་ཐོས་དེའི་ནང་འཇུག་རྒྱུ་ཡིན། "འཛམ་གླིང་ཡོངས་སུ་དངོས་ཡོད་ཀྱི་བོད་རིགས་ས་ཁུལ་འོས་སྦྱོར་བྱེད་ཧ་ཅང་མཁོ་བ་དང་ང་ཚོ་ཕྱི་རྒྱལ་གྱི་ཀྲུང་གོ་བའི་སྨྱན་སྦྱོར་ནི་མཚམས་སྦྱོར་བྱེད་མཁན་ཞིག་ཡིན་པས། ས་གནས་དེ་གའི་ཕྱི་ཁོངས་ཀྲུང་གོ་བ་དང་དེ་བཞིན་ཕྱི་རྒྱལ་བར་ཤུགས་རྐྱེན་ཐེབས་པ་བྱ་རྒྱུ་ཡིན"ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།