འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་གིས་གྲོང་ཁྱེར་གྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་བ།

    འདི་ག་ཚགས་པར་གྱི་གསར་འགོད་པ། ཧོ་ཚུང་དང་། ཅང་ཧྥུང་། ཝང་ཅིན་ཐའོ་བཅས་ཀྱིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་31ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་ནི་འདུས་ཚད་ཆེ་ཤོས་ཀྱི་གྲོང་ཁྱེར་གྱི་སྤུས་རྟགས་ཤིག་ཡིན་པས་དེར“གོང་མའི་ཅོད་པན་ཐོག་གི་མུ་ཏིག”ཅེས་བརྗོད་ཀྱི་ཡོད།
           ད་བར“མུ་ཏིག”དེ་ཐོབ་མེད་པའི་ཟི་ལིང་ལ་ཆ་མཚོན་ན། དཀའ་ངལ་དངོས་འབྲེལ་གནས་ཀྱང་ཇི་ལྟར་བྱས་ཏེ་གྲོང་ཁྱེར་གྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་གྲོང་མིའི་ཁྱོན་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་སོགས་ཀྱི་འཇམ་ཤུགས་ཐད་དེ་བས་བྱ་བ་གང་སྒྲུབ་རུང་མི་ལ་རག་ལུས་ཡོད་པ་རེད།
           “རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པར་མི་དམངས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱེད་དགོས། གལ་ཏེ་མང་ཚོགས་ཀྱི་ཐོབ་ཚོར་ཆེན་པོ་མེད་ན་གྲོང་ཁྱེར་གྱི་བཅོས་སྐྱོང་ཆུ་ཚད་དང་གྲོང་མིའི་གནས་སྡོད་ཀྱི་མྱོང་བ་མངོན་གསལ་དོད་པོས་མཐོ་རུ་འགྲོ་མི་ཐུབ་པ་དང་། གྲོང་གཏོད་ལས་དོན་ལ་མི་དམངས་ཀྱིས་རྒྱབ་སྐྱོར་ཆེན་པོ་ཐོབ་མི་སྲིད་ལ་དེའི་ནང་ཞུགས་ཀྱང་མི་སྲིད་པས་གྲོང་ཁྱེར་བཅོས་སྐྱོང་བྱེད་པའི་རུས་པ་མཁྲེགས་པོ་དེ་རུས་འབྲད་རྒྱག་མི་ཐུབ”ཅེས་མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་ཟི་ལིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཞའོ་ཡིས་ནན་བཤད་བྱས།
          གྲོང་ཁྱེར་བཅོས་སྐྱོང་བྱེད་པར“རྣམ་པར”ལྟ་དགོས་ལ“ནང་དོན”ལའང་དེ་བས་ལྟ་དགོས།
          ཇི་ལྟར་བྱས་ཏེ་གྲོང་གཏོད་བྱེད་རིང་མང་ཚོགས་ལ་ཐོབ་ཚོར་དེ་བས་ཆེ་བ་ལྡན་པ་བྱེད་དགོས་སམ།
          ཟི་ལིང་ཕྱོགས་ནས་ལན་བརྒྱབ་པར། དོ་དམ་དེ་ཞབས་ཞུའི་ནང་ཚུད་པས“ཞིབ་ཕྲ”མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་མང་ཚོགས་ལ་ཞིབ་ཅིང་ཕྲ་བའི་གྲོང་ཁྱེར་དོ་དམ་དང་སྤྱི་པའི་ཞབས་ཞུ་ཡག་པོ་མཁོ་འདོན་བྱེད་དགོས།
          ན་ནིང་ཟླ་6པ་ནས་བཟུང་ཟི་ལིང་གིས་རྒྱལ་ཡོངས་ཀྱི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཁྲོད་གྲོང་ཁྱེར་བཅོས་སྐྱོང་མ་ལག་སྔོན་ལ་སྒྱུར་བཅོས་བྱེད་འགོ་བཙུགས་ནས་ཟི་ལིང་གྲོང་ཨུད་གྲོང་ཁྱེར་ཕྱོགས་བསྡུས་དོ་དམ་ལས་དོན་ཨུ་ལྷན་དང་ཟི་ལིང་གྲོང་ཁྱེར་གྲོང་ཁྱེར་ཕྱོགས་བསྡུས་དོ་དམ་ཨུ་ལྷན་བཙུགས་པ་དང་། ཆུས་ཁག་གིས་ཀྱང་དེ་མཚུངས་ཀྱི་སྒྲིག་གཞི་བཙུགས་པ་དེའི་དམིགས་ཡུལ་ནི“གྲོང་ཁྱེར་དོ་དམ་ཆེན་པོའི”ལམ་སྲོལ་ལ་བརྟེན་ནས་གྲོང་ཁྱེར་བཅོས་སྐྱོང་བྱེད་རིང་གི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱ་ཆེད་ཡིན་པ་རེད།
         “ས་འོག་ཆུ་འགྲོའི་ཁ་གཅོད་འཕྲོ་བརླག་ཐེབས་ནས་ཡུན་རིང་སོང་ཡང་དོ་དམ་བྱེད་མཁན་མེད་པ་དང་གྲོང་མིས་ཐེར་འདོན་བྱེད་པའམ་ཡང་ན་ལས་འཛོལ་ཐོན་ཚེ་གཞི་ནས་མཐོང་ཆེན་བྱེད་པར་གྱུར་དོན་གང་ཡིན་ནམ”གྲོང་བྱང་ཆུས་གྲོང་ཁྱེར་སྤྱི་སྤྱོད་ཞབས་ཞུ་ལྟེ་གནས་གྲོང་དོན་གྲོང་རྣམ་ཁོའོ་ཡི་ཁོའོ་ཀྲང་ལིའུ་ཧུའེ་ཡིས“དེ་སྔ་གཞུང་ལམ་ཞིག་ལ་ཚན་པ་གསུམ་གྱིས་དོ་དམ་བྱེད་ཀྱི་ཡོད། ཁོར་ཡུག་སྲུང་སྐྱོང་ཚན་པས་འགྲོ་ལམ་གཙང་ཕྱགས་ཀྱི་འགན་འཁུར་བ་དང་། སྐྱེད་ཚལ་ཚན་པས་སྔོ་ལྗང་ཁུལ་གྱི་འགན་འཁུར་བ། གྲོང་དོན་ཚན་པས་ཆུ་འགྲོའི་ཁ་གཅོད་སོགས་སྒྲིག་བཀོད་དོ་དམ་སྲུང་སྐྱོང་གི་འགན་འཁུར་གྱི་ཡོད། གྲོང་དོན་བདག་སྐྱོང་མི་སྣ་མང་པོ་མེད་པའི་རྐྱེན་གྱིས་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་ཐུབ་ཀྱི་མེད། འོན་ཀྱང་ཁོར་ཡུག་སྲུང་སྐྱོང་བཟོ་པས་སྔོན་ལ་འགོ་ཁྲིད་ལ་གོང་ཞུ་བྱས་རྗེས་གྲོང་དོན་མི་སྣ་ཉམས་བཟོ་བྱེད་པར་ཡོང་རྒྱུའི་སྐད་གཏོང་གི་ཡོད། ལན་སྤྲོད་མྱུར་ཚད་ཧ་ཅང་འགོར་པོ་ཡོད་པ་དང་ཐ་ན་རང་ཉིད་ཀྱི་སྒོ་འགྲམ་དུ་གད་ཕྱིས་རྒྱག་སྐབས་ཆུ་འགྲོའི་ཁ་གཅོད་འཕྲོ་བརླག་ཕྱིན་པ་མཐོང་ཡང་སྣང་མེད་དུ་འཇོག་གི་ཡོད”ཅེས་སྦ་གསང་མེད་པར་བཤད།
          ད་ཆ་ཆུས་ཁག་གི་གྲོང་ཁྱེར་དོ་དམ་ཨུ་ལྷན་གྱིས་ཆུས་གྲོང་དོན་སྤྱི་སྤྱོད་ཞབས་ཞུ་ལྟེ་གནས་གཅིག་གྱུར་ཐོག་གྲབས་འཛུགས་བྱས་ནས་ཁོར་ཡུག་སྲུང་སྐྱོང་དང་། སྐྱེད་ཚལ། གྲོང་དོན་བཅས་ཚན་པ་གཅིག་ཏུ་ཟླ་སྒྲིལ་བཏང་ཡོད། ལྟེ་གནས་ཀྱི་ཁོར་ཡུག་སྲུང་སྐྱོང་མི་སྣ་ཁྲོམ་གཞུང་ཆེ་ཆུང་གང་སར་ཁྱབ་པ་དང་ཆུ་འགྲོའི་ཁ་གཅོད་འཕྲོ་བརླག་ཐེབས་པ་ཤེས་ཚེ་འཕྲལ་དུ་ལྟེ་གནས་ཀྱི་གྲོང་དོན་མི་སྣ་ཉམས་བཟོ་བྱེད་པར་ཡོང་རྒྱུའི་བརྡ་ཐོ་གཏོང་བ་དང་ཉིན་དེ་རང་དུ་ཤེས་ཚེ་ཉིན་དེ་རང་དུ་ཐག་གཅོད་བྱེད་ཀྱི་ཡོད། “‘གནད་དོན་ཞིག་མི་མང་པོའམ་ཚན་པ་མང་པོས་དོ་དམ་བྱེད་པའི’དཀའ་གནད་ཐག་གཅོད་ཐུབ་ནས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་འཇགས་དང་ཕྱིར་སྐྱོད་སྟབས་བདེ་བྱུང་ཡོད”ཅེས་ལིའུ་ཧུའེ་ཡིས་བཤད།
          ན་ནིང་ཟླ་7པ་ནས་འགོ་བཙུགས་ཏེ་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཨུ་ལྷན་གྱིས་ཡིག་ཆ་བཀྲམ་ནས་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཚང་མར་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་ཁྲིམས་འཛིན་བཀོད་འདོམས་ལྟེ་གནས་བཙུགས་ཏེ་ཁྲོམ་གཞུང་གི་ཧྲུའུ་ཅིས་ལྟེ་གནས་ཀྱི“འགན་འཁྲི་བ་ཨང་དང་པོའི”འགན་འཁུར་བ་དང་། ཁོངས་གཏོགས་ས་ཆའི་གོང་རིམ་སྡེ་ཚན་གྱིས་ལྟེ་གནས་སུ་ཆེད་བསྐོས་ལས་འགན་གྱི་ཁྲིམས་འཛིན་མི་སྣ་མངགས་གཏོང་བྱེད་པ། ལྟེ་གནས་ཁག་ཚང་མར་གྲོང་ཁྱེར་དོ་དམ་གྱི་ཁྲིམས་འཛིན་རུ་འབྲིང་རེ་བཀོད་སྒྲིག་བྱེད་པ་བཅས་ཀྱི་ཐོག་ནས་གྲོང་ཁྱེར་དོ་དམ་གྱི་གཙོ་གནད་གཤམ་སྒྱུར་ཐུབ་པ་བྱས་ཡོད། “ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ལྟེ་གནས་ཀྱི་བཟོ་ཚོང་དང་། བཟའ་བཅའ་དང་སྨན་རྫས་ལྟ་སྐུལ། གྲོང་ཁྱེར་དོ་དམ་སོགས་ཁྲིམས་འཛིན་སྟོབས་ཤུགས་དང་མཉམ་འབྲེལ་བྱས་ཏེ་མངའ་ཁོངས་ཀྱི་སྡོད་ཁང་སྤྱད་དེ་ཚོང་ལས་བྱེད་སྒོ་སྤེལ་མཁན་252ལ་མཐིལ་རྟོགས་གྲལ་བཤེར་དང་གཅིག་སྡུད་བཅོས་སྒྲིག་བྱས་ནས་ཐེངས་གཅིག་ལ་ཚོང་ཁང་161སྒོ་བརྒྱབ་པ་རེད”སྦྱིན་བདག་དེ་དག་གིས་འཕྲལ་དུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ལ“ཁྲིམས་འཛིན་གཞུང་དྲང་དང་དམངས་ཆེད་ཞབས་འདེགས་ཞུ་བ”ཞེས་འཁོད་པའི་གོས་དར་སྤྲད་པ་རེད།
          སློབ་གསོ་རྒྱག་རྒྱུ་དེ“སུའི་ཆེད་དུ་ཡིན་པ”གསལ་པོ་བཟོས་པས་གཞི་ནས“སུ་ལ་བརྟེན་དགོས་ལུགས”རྟོགས་པ།
          ཟླ་5ཚེས་4ཉིན་གྱི་ཉིན་དགུང་གྲོང་བྱང་ཆུས་གྲོང་དོན་སྤྱི་སྤྱོད་ཞབས་ཞུ་ལྟེ་གནས་ཀྱི་མི་བརྒྱ་ལྷག་ཙམ་གྱི་སྐད་འཕྲིན་ལས་ཚོགས་ནང“ཤིས་ཧའེ་ལམ་ཅིང་གཡོད་ལས་ཤག་གི་སྒོ་འགྲམ་དུ་ཐང་ཞའོ་ཕིང་ལག་བཟོས་ཐུག་པའི་ཟ་ཁང་གི་སྦྱིན་བདག་གིས་ཚོང་ཕྱིར་བཏོན་པ་དང་། ལམ་བཟུང་གཉེར་སྐྱོང་བྱེད་པ། གད་སྙིགས་གང་བྱུང་དུ་དབྱུག་པ་བཅས་ཀྱི་གནད་དོན་ལ་དོ་སྣང་བྱེད་རོགས”ཞེས་འཁོད་པའི་ཁོར་ཡུག་སྲུང་སྐྱོང་བཟོ་པ་སུན་ཀྲུའུ་ལིང་གིས་བསྐུར་བའི་པར་ཞིག་འབྱོར།
          སྐར་མ་གཅིག་ཀྱང་མ་སོང་བར་ལིའུ་ཧུའེ་ཡིས་པར་དང་ཡི་གེ་མཉམ་དུ་བཀོད་པའི་གནས་ཚུལ་དེ་གྲོང་བྱང་ཆུས་གྲོང་ཁྱེར་དོ་དམ་ཨུ་ལྷན་གྱི་པན་པིང་ཧྭ་ཡི་སྐད་འཕྲིན་ལས་ཚོགས་ནང་བརྒྱུད་བསྐུར་བྱས་པ་དང་ཆབས་ཅིག་ཆུས་གྲོང་ཁྱེར་དོ་དམ་ཅུས་ཁྲིམས་འཛིན་རུ་ཆེན་གྱི་རུ་དཔོན་ལ་དྲན་སྐུལ་ཡང་བྱས།
           སླར་ཡང་སྐར་མ་གཅིག་སོང་རྗེས་ཆུས་གྲོང་ཁྱེར་དོ་དམ་ཅུས་ཀྱི་ཅུས་ཀྲང་ལིའུ་གོ་ཀྲེན་གྱིས་སྐད་འཕྲིན་ཚོགས་པའི་ནང“ཁྲིམས་འཛིན་རུ་ཆེན་གྱིས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ང་ཚོའི་གཙང་སྦྲ་བའི་ལས་ཀའི་ཁུར་པོ་ཡང་དུ་གཏོང་རོགས”ཞེས་གཏམ་བཤད་སྤེལ་ཡོད།
          ཆུ་ཚོད་ཕྱེད་ཀ་ཡང་མ་སོང་བར་ཆུས་གྲོང་ཁྱེར་དོ་དམ་ཅུས་ཁྲིམས་འཛིན་རུ་ཆེན་གྱི་རུ་དཔོན་གྱིས་ཕྱིར་སྐྱོད་མི་སྣའི་འགྲོ་ལམ་གཙང་ཞིང་གྲལ་འགྲིག་པོ་བཟོས་པའི་འདྲ་པར་དེ་སྐད་འཕྲིན་ཚོགས་པའི་ནང་བསྐུར་ཏེ“ལྟེ་གནས་ཀྱིས་གནད་དོན་ལ་ཚུར་ལན་སློག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱར་བ་གྲུ་འདེགས་བྱས་ཚེ་གཞི་ནས་ལས་དོན་དེ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ” མིག་སྔར། ཟི་ལིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་གཏོད་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། གྲོང་ཁྱེར་ཐད་གཏོགས་དང་ཆུས་ཁག་གི་འབྲེལ་ཡོད་ཚན་པའི་རིམ་ཁག་ལས་དོན་མི་སྣ་ཚང་མ་སྐད་འཕྲིན་ཚོགས་པའི“ལག་ཞོར་ལན་འདེབས”ཀྱི་འཕྲལ་དུ་ཞིབ་བཤེར་དང་འཕྲལ་དུ་བཅོས་སྒྲིག་བྱེད་པའི་ལས་དོན་ནང་འཇུག་རྒྱུའི་འགན་འཁུར་བ་རེད།
          མང་ཚོགས་གྲོང་གཏོད་ནང་རྒྱ་ཁྱབ་ངང་ཞུགས་རྒྱུའི་སྐུལ་སློང་བྱས་པ་དེ་ཏང་ཡོན་ལས་བྱེད་པའི་དཔེ་སྟོན་སྣེ་ཁྲིད་དང་ཁ་འབྲལ་ཐབས་མེད། “ཟི་ལིང་ཁུལ་དུ་ད་ཆ་ཞིང་ཆེན་དང་གྲོང་ཁྱེར་གྱི་རིམ་ཁག་གཞུང་ལས་དང་བྱ་གཞག་མི་སྣ་ཁྲི་10ཙམ་ཡོད་པ་ནི་གྲོང་གཏོད་ལས་དོན་གྱི་རྐང་འཛིན་སྟོབས་ཤུགས་ཤིག་རེད”མཚོ་སྔོན་ཞིང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཀྲང་ཤིས་མིང་གིས་ཏང་ཡོན་ལས་བྱེད་པ་ནི་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་ཇུས་འགོད་པ་དང་བཟོ་བཀོད་པ་ཡིན་ལ། དང་བླངས་པ་དང་གདོང་ལེན་རུ་མིར་དེ་བས་གྱུར་ཡོད། དཔེ་སྟོན་བྱ་སྤྱོད་དང་མིག་དཔེའི་བྱ་སྤྱོད་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ལ་སྣེ་ཁྲིད་དང་ཤུགས་རྐྱེན་ཐེབས་པ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
           རྣམ་པ་གསར་པ་བཏོད་པར་རི་བོ་སྔོ་ཞིང་གྲོང་ཁྱེར་མཛེས་པ་དང་ཆུ་མོ་དྭངས་ཤིང་ནམ་མཁའ་སྔོ་བའི་གནས་སྡོད་བྱ་རྒྱུར་འཚམ་པའི་གྲོང་ཁྱེར་གཏོད་དགོས།
           ཟླ་5པའི་ཟི་ལིང་གྲོང་ཁྱེར་དང་ལྷོ་བྱང་རི་བོར་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར། ཚང་མ་སྔོ་ཐིང་ཐིང་དུ་གྱུར་པ་ནི་རང་བྱུང་གིས་སྐྱེས་སུ་འབུལ་བ་མ་ཡིན་པར་མི་རྣམས་ཀྱིས་དེ་མ་ཉིད་དུ་སྐལ་བཟང་སེམས་ལ་དྲན།
          འདི་ལོ་ནས་བཟུང་ཆིན་ཆང་མི་རིགས་དེང་རབས་ཁྲང་ཞི་ཆེ་གྲས་《སྐལ་བཟང་》ཞེས་པ་ཟི་ལིང་དུ་འཁྲབ་པར་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། ཟི་ལིང་གི་གྲོང་མིར་སེམས་འགུལ་ཆེན་པོ་ཐེབས་ཡོད། རྒན་ཡོལ་ཞུས་པའི་ཧྲེང་ཀྲང་གཞོན་པ་སྐལ་བཟང་གིས་ལྷོ་བྱང་རི་བོར་རུ་སྣེ་ཁྲིད་དེ་ལོ་20ལྷག་ཙམ་སྔོ་འགྱུར་བྱས་ནས་ནགས་བཟོ་རྒྱ་ཁྱོན་མུའུ་ཁྲི་4ཙམ་བྱས་ཡོད། ཁོང་གི་སྣེ་ཁྲིད་འོག་ལྷོ་བྱང་རི་བོར་ནགས་ཚལ་ཁྱབ་ཚད་ལོ་26གོང་གི་7.2%ནས་མིག་སྔའི་75%བར་མཐོ་རུ་ཕྱིན་ཡོད། ད་ཆ་ཟི་ལིང་གྲོང་ཁྱེར་དུ་སྐལ་བཟང་ལྗང་མདོག་དང་བླངས་ཞབས་ཞུ་རུ་ཁག་22བཙུགས་ཡོད། “སེམས་དང་ལྡན་ན་གནས་ལུགས་རྟོགས། ཤེས་དཔལ་དཔེ་སྟོན་གྱིས་ལས་བྱེད་མང་ཚོགས་ལ་ལྕག་སྐུལ་བྱེད་པ་དང་ལས་བྱེད་མང་ཚོགས་ཀྱིས་ཤེས་དཔལ་གཏོད་འཛུགས་ནང་དེ་བས་ཧུར་ཐག་ཞུགས་ཏེ་མཚོ་སྔོན་གྱི་བསམ་བློའི་མཐོ་ས་གཏོད་རྒྱུར་ནུས་པ་ཕྲན་བུ་འདོན་དགོས”ཞེས་ཟི་ལིང་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཞ་ཡིས་བཤད།
          བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་ཟི་ལིང་གི“བྱང་གསུམ”དང“རང་བྱུང་ནགས་ཚལ་སྲུང་སྐྱོང”ལྷོ་བྱང་རི་བོའི་དུས་ཐེངས་གསུམ་པའི་སྔོ་འགྱུར་སོགས་ལས་གྲྭར་སྔོ་འགྱུར་ནགས་བཟོ་མུའུ་ཁྲི་36.1བྱས་པ་དང་། ཁྱིམ་གཞིས་མཛེས་བཟོའི་བྱ་སྤྱོད་ཐད་ཚན་པའི་སྒོ་ར་དང་གནས་སྡོད་ཁུལ་307སྔོ་འགྱུར་བྱས་ནས་མི་རེའི་ཆ་སྙོམས་ཀྱི་སྔོ་སའི་རྒྱ་ཁྱོན་སྨི་ངོས་གྲུ་12ཟིན་ཡོད། ཙོང་ཆུའི་ཆུ་རྒྱུད་དུ་འཚོ་བའི་བཙོག་ཆུ་ཐད་འབུད་སྦགས་གསོག་མདོང་ལམ་54བསྐྲུན་ནས་ཙོང་ཆུ་ནས་ཕྱིར་རྒྱུག་པའི་ཆུ་སྤུས་བརྟན་པོའི་ངང་དམིགས་ཚད་དུ་སླེབས་པ་བྱས་ཡོད་པ་རེད། མཚོན་རྟགས་སེར་པོའི་རླངས་འཁོར་མེད་པ་བཟོ་བ་དང“རྡོ་སོལ་སོལ་རླངས་དུ་བསྒྱུར་བའི”བཅོས་སྒྲིག་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཟིན་ཏེ་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་ཚད་80.4%ཟིན་ཏེ་ནུབ་བྱང་ཞིང་ཆེན་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་པ་དང་། ཟི་ལིང་གིས“རི་བོ་སྔོ་ཞིང་གྲོང་ཁྱེར་མཛེས་པ་དང་ཆུ་མོ་དྭངས་ཤིང་ནམ་མཁའ་སྔོ་བའི”མཛེས་ལྗོངས་གསར་པ་ཞིག་གཏོད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།