འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་གཞོན་དར་འཐུས་མི་པེ་ཅིང་དུ་
    གཟུགས་པོར་བརྟག་དཔྱད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་24ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”སྒྲིག་འཛུགས་ཨུ་ལྷན་གྱིས་གོང་ཚེས་ཉིན་སི་ཁྲོན་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་གཞོན་དར་འཐུས་མི་30ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་སྨན་ཁང་ཨང་309རུ་གཟུགས་པོར་བརྟག་དཔྱད་བྱེད་པར་བཀོད་སྒྲིག་བྱས་པ་རེད།
         ཟླ་འདིའི་ཟླ་སྟོད་དུ་སི་ཁྲོན་ཞིང་ཆེན་གྱིས་རྔ་པ་བོད་རིགས་རང་སྐྱོང་ཀྲོའུ་ཡི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་གཞོན་དར་འཐུས་མི་30བདམས་ནས་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་གསོ་སྦྱོང་དུ་ཞུགས་པ་རེད། ཁོང་ཚོ་བོད་རིགས་ས་ཁུལ་གྱི་ས་མཐོར་དུས་ཡུན་རིང་པོ་འཚོ་བ་བསྐྱལ་བ་དང་། ས་བབ་མཐོ་ལ་གསོ་རླུང་དཀོན་པའི་ཁར་ས་གནས་དེ་གའི་སྨན་བཅོས་ཆ་རྐྱེན་བལྟོས་བཅས་ཀྱིས་ཞན་པ་བཅས་ལ་བསམ་གཞིག་བྱས་ཏེ“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”སྒྲིག་འཛུགས་ཨུ་ལྷན་གྱིས་པེ་ཅིང་དུ་གཟུགས་པོར་བརྟག་དཔྱད་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད།
         ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྨན་ཁང་ཨང་309ཡིས་ལོ་མང་རིང་སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོར་ཞུགས་པ་དང་ལྷག་དོན་དུ་ཐེངས་མང་པོར་མི་མངགས་ནས“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ནང་ཞུགས་ཏེ་བོད་རིགས་ས་ཁུལ་དུ་འོས་འགན་བརྟག་དཔྱད་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ཡོད། བཅིངས་འགྲོལ་དམག་སྨན་ཁང་ཨང་309ཡི་ཆབ་སྲིད་ཨུ་ཡོན་ཏུའུ་ཧྥུའུ་ཧྲེན་གྱིས་ད་རེས་ཀྱི་བྱེད་སྒོ་ནི་དམག་ཨུད་ལས་དོན་སྒྲིག་གཞི་དོ་དམ་སྤྱི་ཁྱབ་ཅུས་ཀྱི་འགོ་ཁྲིད་ཀྱིས་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་བྱས་ཤིང་། སྨན་ཁང་གིས་ད་རེས་ཀྱི་གཟུགས་པོར་བརྟག་དཔྱད་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས་སྔ་སྣུར་དུ་གྲ་སྒྲིག་དང་བཀོད་སྒྲིག་གང་ལེགས་བྱས་པ་དང་། སྨན་ཁང་གི་འགོ་ཁྲིད་ཀྱིས་གཟུགས་པོར་བརྟག་དཔྱད་ཀྱི་ཇུས་གཞི་གཏན་འཁེལ་དང་། ལག་རྩལ་དང་ལས་སྒོ་བྱང་ཆུབ་པའི་སྨན་བཅོས་རྐང་འཛིན་པ་མངགས་པ། བོད་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་ཁྱད་ཆོས་ལ་དབྱེ་ཞིབ་ནན་ཏན་གྱིས་དེ་དང་འཚམ་པའི་གཟུགས་པོར་བརྟག་དཔྱད་ཀྱི་ཇུས་གཞི་བཟོས་ཁར་འགྲོ་གྲོན་རྩ་བ་ནས་བླངས་མེད་ཅེས་ངོ་སྤྲོད་བྱས།
         ཚེས་22ཉིན་གྱི་ཞོགས་པར་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་གཞོན་དར་འཐུས་མི་30སྨན་ཁང་དུ་འབྱོར་རྗེས་སྨན་ཁང་གི་འགོ་ཁྲིད་ཀྱིས་དངོས་སུ་བཀོད་སྒྲིག་བྱས་པ་དང་། སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་རིགས་གཅིག་མཁས་ཅན་གྱིས་འཐུས་མི་རེ་རེ་བཞིན་ལ་བདེ་ཐང་གི་བརྟག་དཔྱད་བྱས་པ་མ་ཟད། དམིགས་ས་ཡོད་པའི་ངང་བརྟག་དཔྱད་ཀྱི་རྣམ་གྲངས་ལེགས་སྒྲིག་དང་བརྟག་དཔྱད་ཀྱི་གཞི་གྲངས་ལ་དབྱེ་ཞིབ་ནན་ཏན་གྱིས་བདེ་ཐང་གི་མཛུབ་ཁྲིད་བསམ་འཆར་ཞིབ་ཚགས་ཀྱང་བཏོན་ཞིང་། དེ་ཐོག་ནས་རྒྱལ་ཁབ་དང་སྤྱི་ཚོགས་ལས་རིགས་ཁག་གིས་བོད་རིགས་ས་ཁུལ་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་ལུགས་མཚོན་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཕན་གྱི་གཅེས་སེམས་ཁྱབ་པའི་ཐད་མཛེས་སྡུག་ལྡན་པའི་ལེའུ་ཞིག་སླར་ཡང་བརྩམས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།