འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་གིས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་
    བ་》ཞེས་པའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཡི་གེའི་པར་མའི་གླེང་གཞི་བྲིས་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་21ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཡི་གེའི་པར་མ་དེ་ཀྲུང་གོ་ཕྱི་རྒྱལ་ཡིག་རིགས་དཔེ་སྐྲུན་ཁང་དང་ཨུ་ཟ་བྷེ་ཁི་སི་ཐན་དཔེ་སྐྲུན་ཁང་གིས་མཉམ་དུ་ཡིག་སྒྱུར་བྱས་ནས་དཔེ་སྐྲུན་བྱས་པ་ཞིག་རེད། རང་རྒྱལ་དུ་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སུ་ཞུགས་བཞིན་པའི་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་ཧྲ་ཧྥུའུ་ཁ་ཐེ་·སྨིའར་ཆི་གཡོད་ཡེ་ཧྥུའུ་ཡིས་ཆེད་མངགས་དེབ་དེའི་གླེང་གཞི་བྲིས་གནང་བ་རེད།
          རྩོམ་ཡིག་ནང་ཨུ་ཟ་བྷེ་ཁི་སི་ཐན་དང་ཀྲུང་གོའི་དབར་གྱི་མཛའ་གྲོགས་མཉམ་ལས་འབྲེལ་བ་དེ་ལོ་རྒྱུས་ཡུན་རིང་ལྡན་པ་དང་དེའི་འབྱུང་ཁུངས་དེ་ལོ་རྒྱུས་ཐོག་གི་ཤར་ནུབ་འབྲེལ་བའི་དར་གོས་ལམ་བུའི་དུས་རབས་སུ་ཁུངས་འདེད་ཆོག ཡུན་རིང་ནང་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཚོང་དོན་དང་། ཚན་རིག སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བཅས་ཁྱབ་ཁོངས་ནང་ཕན་འབྲས་ལྡན་པའི་མཉམ་ལས་བྱས་པ་དང་ཕྱོགས་གཉིས་པོའི་རིག་གནས་དང་། ཡུལ་སྲོལ། སྲོལ་རྒྱུན་བཅས་ལ་ཕན་ཚུན་བརྩི་འཇོག་བྱེད་པ་ལོ་རྒྱུས་ཀྱི་དངོས་དཔེ་མང་པོ་ལས་མཚོན་ཐུབ།
          ད་ལྟ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཨུ་ཟ་བྷེ་ཁི་སི་ཐན་གྱིས་ཉེ་བཅར་དང་ཡིད་ཆེས་བྱེད་ཆོག་པའི་མཉམ་ལས་རོགས་ཟླ་ཡིན་ཞིང་། ཕན་ཚུན་བསམ་ཤེས་དང་བརྩི་འཇོག་བྱེད་པ་དང་སྲོལ་རྒྱུན་མཛའ་གྲོགས་ལ་སྣང་ཆེན་བྱེད་པའི་འདུ་ཤེས་འོག་ཕྱོགས་གཉིས་པོའི་ཕྱོགས་ཡོངས་ཀྱི་གཉིས་ཁེ་གཉིས་ཕན་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད།
          རྒྱལ་ཁབ་གཉིས་དབར་མིང་རྟགས་བཀོད་པའི་མཛའ་གྲོགས་མཉམ་ལས་ཡིག་ཆ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་སྲ་བརྟན་གྱི་བཅའ་ཁྲིམས་རྨང་གཞི་ཡིན། ལྷག་དོན་དུ་ནན་བཤད་བྱེད་དགོས་པ་ནི་2016ལོའི་ཟླ་བ་དྲུག་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཆོག་གིས་ཨུ་ཟ་བྷེ་ཁི་སི་ཐན་དུ་རྒྱལ་དོན་འཚམས་འདྲི་གནང་སྐབས་མཉམ་འབྲེལ་གསལ་བསྒྲགས་ལ་མཚན་རྟགས་བཀོད་གནང་བ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཟབ་ཏུ་བཏང་ཡོད།
          མི་འབོར་དུང་ཕྱུར་བཅུ་གསུམ་ལས་གྲུབ་པའི་རྒྱལ་ཁབ་ཆེན་པོ་ཀྲུང་གོ་དང་འཐབ་ཇུས་རོགས་ཟླར་གྱུར་བ་ནི་བླ་ན་མེད་པའི་གཟི་བརྗིད་ཡིན་ལ་འགན་འཁྲི་ཆེན་པོའང་ལྡན་པ་ང་ཚོའི་མི་དམངས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད་ཅེས་འཁོད་ཡོད་པ་རེད།
          རྩོམ་ཡིག་ནང་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་དེའི་ནང་གི་སྲིད་ཇུས་དེ་དག་ལ་གོ་བ་ལེན་པ་དང་དེ་བཞིན་དེང་རབས་ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ནང་དོན་དང་། གཞི་རྩའི་རྩ་དོན། བྱེད་ཕྱོགས་སོགས་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་འཁོད་ཡོད་པ་རེད།
          དེབ་དེའི་ནང་གུས་ཤིང་བརྩེ་བའི་ཀྲུང་གོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་མཆོག་གི་གསུང་བཤད་དང་། གླེང་མོལ། འདྲི་ལན་བཅས་འཚོལ་བསྡུ་བྱས་ཡོད། དེབ་དེས་ད་ལྟའི་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་དང་། “ཀྲུང་གོའི་ཕུགས་འདུན”མངོན་འགྱུར་བྱེད་པའི་འབྱུང་འགྱུར་གྱི་དམིགས་ཚད། རླབས་ཆེན་གྱི་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པའི་ལམ་བུ་བཅས་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་གཏིང་ཟབ་བརྒྱབ་ཡོད་པས་དེབ་དེ་ཀློག་མཁན་གྱི་ཀློག་པ་པོར་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་ངེས་རེད།
          ངས་སྤྲོ་སྣང་ཆེན་པོས་ནང་དོན་ཕུན་སུམ་ཚོགས་པའི་དེབ་དེ་ལྟ་ཀློག་བྱེད་སྐབས་དེབ་དེའི་ནང་རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་པའི་གཏིང་ཟབ་པའི་ཆབ་སྲིད་ཀྱི་དགོངས་པ་མངོན་འདུག་ལ། དེང་སྐབས་འཛམ་གླིང་གི་རྙོག་འཛིང་ཆེ་བའི་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་རིམ་ལའང་དབྱེ་ཞིབ་གཏིང་ཟབ་ཀྱང་བྱས་འདུག ཨུ་ཟ་བྷེ་ཁི་སི་ཐན་གྱི་ཀློག་པ་པོ་ཚོར་དེབ་དེ་ངོ་སྤྲོད་བྱེད་རྒྱུ་བྱུང་བ་དངོས་གནས་དགའ་པོ་བྱུང་།
          《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་དེས་ཨུ་ཀྲུང་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་མཛའ་གྲོགས་སྲ་བརྟན་དུ་གཏོང་བ་དང་ཕན་ཚུན་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་དེ་བཞིན་རྒྱལ་ཁབ་གཉིས་ཀྱི་མི་དམངས་འགྲོ་འོང་ཟབ་ཏུ་གཏོང་བའི་ཐད་ཕན་པ་ཆེན་པོ་ཐོབ་ངེས་ཡིན་པ་ང་ལ་རྦད་དེ་ཡིད་ཆེས་ཡོད་ཅེས་འཁོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།