འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སྟོན་འབྲས་གཡུར་དུ་ཟ་བ་ཐོབ་ཆེད།

    —— ཀྲུང་གོའི་ཀུང་སིས་སྒྲུབ་འགན་ཁུར་བའི་སི་རི་ལན་ཁའི་ཡན་ཆུ་བོའི་ཞིང་ཆུ་འདྲེན་པའི་རྣམ་གྲངས་ཀྱིས་དེ་གའི་ཞིང་པར་ཕན་པ་ཐོབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་21ཉིན། 12:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          གསར་འགོད་པ་ཡོང་བ་ཤེས་འཕྲལ་ཡུལ་མི་ཨ་ཐེ་ན་ཡ་ཁེས་ཤ་རྡོག་བཙོས་རྒྱག་པ་དང་། བག་ལེབ། ཟས་རིགས་ཙག་ཙིག་བཅས་སྔ་ས་ནས་གྲ་སྒྲིག་བྱས་ཡོད་པ་རེད། ཁོང་ནི་ཡན་ཆུ་བོའི་འགྲམ་དུ་འཚར་ལོངས་བྱུང་བའི་སི་རི་ལན་ཁའི་ཞིང་པ་ཞིག་ཡིན་པ་དང་ཀྲུང་གོའི་གྲོགས་པོ་མི་ཉུང་བ་ཞིག་ཡོད། ཡིན་ནའང་ཁོང་ཁྱིམ་གྱིས་ཐག་རིང་ནས་ཡོང་བའི་ཀྲུང་གོའི་མགྲོན་པོར་སྣེ་ལེན་ཞུ་བ་ཐེངས་དང་པོ་རེད།
          ཨ་ཐེ་ན་ཡ་ཁེ་དུས་རྒྱུན་སྐད་ཆ་ཤོད་རྒྱུར་དེ་ཙམ་དགའ་པོ་མེད་ང་ཚོར་འཐུང་བྱ་དང་ཟས་རིགས་ཡང་ཡང་སྐྱེལ་བར་ཡོང་གི་འདུག ཀྲུང་གོ་འཕྲུལ་ཆས་བཟོ་ལས་རྒྱལ་སྤྱི་བཟོ་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་ཡན་ཆུ་བོའི་ཞིང་ཆུ་འདྲེན་པའི་རྣམ་གྲངས་གསར་སྤེལ་བྱས་རྗེས་བསྡུས་པའི་ས་གནས་དེ་གའི་ལས་མི་དང་པོ་ཞིག་ཡིན་པའི་ངོས་ནས། ཁོང་གིས་ཀྲུང་གོ་དང་ཀྲུང་གོ་བར་དགའ་སྣང་དང་སེམས་རྩ་འཁོལ་པོ་བྱེད་ཀྱི་ཡོད།
          2014ལོར་ཡན་ཆུ་བོའི་ཞིང་ཆུ་འདྲེན་པའི་རྣམ་གྲངས་ཀྱི་གྲ་སྒྲིག་དུས་མཚམས་སུ་སླེབས་པ་དང་སློབ་གསོ་ངེས་ཅན་ཐོབ་པ་དང་དབྱིན་སྐད་རྒྱག་ཤེས་པའི་ཨ་ཐེ་ན་ཡ་ཁེ་བདེ་སྲུང་གི་ལས་འགན་འཁུར་དུ་བཅུག ཁོང་གིས་ལས་ཀ་ཡག་པོ་བྱས་པར་བརྟེན་མི་རིང་བར་ཁོང་གི་བུ་མོའི་མག་པ་ཀུང་སི་དེར་བཅུག་ནས་ལས་གྲྭའི་རྣམ་གྲངས་ཤིག་གི་ཁ་ལོ་བ་བྱས།
          ཁོང་གཉིས་པོར་གཏན་འཇགས་ཀྱི་ཡོང་འབབ་བྱུང་ནས་ཁྱིམ་གྱི་འཚོ་བར་རིམ་པས་འགྱུར་ལྡོག་བྱུང་སྟེ་སྔོན་གྱི་ཁང་པ་གོག་ཏོ་དེ་བཟོ་བཅོས་བརྒྱབ་པ་དང་ཟས་གོས་ལའང་ལེགས་བཅོས་བྱུང་བ་མ་ཟད། ཁྱིམ་དུ་བ་གླང་དང་ར་ལུག་གསོ་བ་དང་དངུལ་བུན་གཡར་ནས་ཟོག་འདྲེན་རླངས་འཁོར་ཞིག་ཀྱང་ཉོས་ཡོད། ད་ཆ་རྣམ་གྲངས་དེ་འགྲུབ་ཉེའི་མཚམས་སུ་ཨ་ཐེ་ན་ཡ་ཁེས་ལས་གནས་ནས་བབས་ཏེ་སྐྱེལ་འདྲེན་དང་ཟོག་འགྲེམས་ཀྱི་ལས་ཀ་བྱ་རྒྱུའི་བསམ་བློ་འཁོར་བ་དང་བུ་མོའི་མག་པས་ཀྲུང་གོ་འཕྲུལ་ཆས་བཟོ་ལས་རྒྱལ་སྤྱི་བཟོ་སྐྲུན་ཚད་ཡོད་ཀུང་སིའི་རྗེས་ཀྱི་རྣམ་གྲངས་སྤེལ་ཡུལ་དུ་མུ་མཐུད་ལས་ཀ་བྱས་ནས་ཀྲུང་གོ་དང་སི་རི་ལན་ཁའི་མཉམ་ལས་རྣམ་གྲངས་ལ་རང་ནུས་མུ་མཐུད་འདོན་རྩིས་ཡོད་པ་རེད།
          ཡན་ཆུ་བོའི་ཞིང་ཆུ་འདྲེན་པའི་རྣམ་གྲངས་དེ་སི་རི་ལན་ཁའི་བྱང་རྒྱུད་དང་དབུས་རྒྱུད་ཞིང་ཆེན་དུ་གནས་པ་དང་རྒྱལ་ས་ཁོ་ལོན་པོ་དང་བར་ཐག་སྤྱི་ལེ་300ཡིས་ཆོད་ཡོད། རྣམ་གྲངས་དེ་ཡན་ཆུ་བོར་རིང་ཚད་སྤྱི་ལེ་5.9ཟིན་པའི་གཙང་བཀག་ཆུ་འདྲེན་གྱི་ཆུ་རགས་ཤིག་རྒྱག་རྩིས་ཡོད་པ་དེས་ས་གནས་དེ་གར་ཐན་པ་བསྟན་པའི་ནམ་དུས་སྐབས་ཆུ་དཀོན་པའི་དཀའ་ངལ་བསལ་ནས་སི་རི་ལན་ཁའི་དབུས་རྒྱུད་དང་བྱང་རྒྱུད་ལ་ཞིང་ཆུ་གཏོང་བ་དང་འཚོ་བའི་འཐུང་ཆུའི་དགོས་མཁོ་བསྐང་རྒྱུ་རེད། དེ་དུས་མང་ཚོགས་ལ་ཉིན་མཚན་མེད་པར་ཆུ་ལེན་རྒྱུ་ཡོད་ལ་ལོ་གཅིག་ནང་དུས་ཚིགས་གསུམ་ནས་བཞི་བར་གྱི་འདེབས་འཛུགས་ལ་མཁོ་བའི་ཆུ་འདྲེན་ཐུབ་རྒྱུ་རེད།
          “རྣམ་གྲངས་བསྐྲུན་རྗེས་ཡུན་རིང་གནམ་ཆུ་སྒུག་པའི་དེ་གའི་མང་ཚོགས་ཀྱི་གནས་སྟངས་ཆེས་ཆེར་ལེགས་སུ་འགྲོ་བ་དང་། ཆུ་མཛོད་ནས་ཞིང་ཆུ་གཏོང་བ་དང་ད་ཡོད་ཀྱི་ཆུ་འདྲེན་མ་ལག་ཉམས་གསོ་ཐུབ་ནས་ཆུ་འབྲས་ཀྱི་འདེབས་ཁྱོན་ཆེ་རུ་སོང་བ་དང་ཆབས་ཅིག་འབྲུ་རིགས་ཀྱི་ལོ་ཏོག་གཞན་དང་ཉ་ལས་སོགས་འཕེལ་རྒྱས་བྱུང་ནས་འབྲུ་རིགས་ཐོན་འཕར་ཡོང་བ་དང་། མང་ཚོགས་ལ་འབབ་འཕར་ཡོང་རྒྱུ་རེད”ཅེས་ཀྲུང་གོ་འཕྲུལ་ཆས་བཟོ་ལས་རྒྱལ་སྤྱི་བཟོ་སྐྲུན་མ་རྐང་ཚད་ཡོད་ཀུང་སི་Cམ་ལག་ཆ་ཚང་པུའུ་བཞི་པའི་སྤྱི་གཉེར་བ་གཞོན་པ་ཀྲེན་ཀྲི་ཧུང་གིས་གསར་འགོད་པར་དེ་ལྟར་བཤད།
         ཡན་ཆུ་བོའི་ཞིང་ཆུ་འདྲེན་པའི་རྣམ་གྲངས་ཀྱིས་ཀྲུང་གོའི་བཟོ་སྐྲུན་གྱི་རིན་ཐང་མངོན་པ་མ་ཟད། སི་རི་ལན་ཁའི་མི་དམངས་ལ་འཚོ་བའི་རེ་བ་ཞིག་ཀྱང་བརྒྱུད་སྤྲོད་བྱས་ཡོད།
          ཡན་ཆུ་བོའི་ཞིང་ཆུ་འདྲེན་པའི་རྣམ་གྲངས་ལས་འགོ་ཚུགས་རྗེས་ཆན་ཏེ་ལེ་རྣམ་གྲངས་པུའི་ཁ་ལོ་བར་བསྡུས་པ་དང་ཁོང་ཧུར་བརྩོན་ཆེ་བར་བརྟེན་གཤམ་གསལ་གྱི་ཐད་ནས་རོགས་རམ་ཐོབ་པ་སྟེ། ཁྱིམ་ཚང་གི་གནས་ཚུལ་ཤེས་རྗེས་རྣམ་གྲངས་པུས་རང་འགུལ་ངང་ཆན་ཏེ་ལེ་ལ“རྣམ་གྲངས་པུའི་གཅེས་སེམས་མཚོན་པའི་སྐྱེད་མེད་དངུལ་བུན”གཡར་ནས་ཁང་པ་བཟོ་བཅོས་རྒྱག་རྒྱུར་རོགས་པ་བྱས་པ་མ་ཟད། འབྲེལ་ཡོད་ཀྱི་དཔྱད་གཞིའི་དཔང་ཡིག་བྲིས་ནས་དངུལ་ཁང་ནས་དངུལ་བུན་གཡར་ཏེ་ཟོག་འདྲེན་རླངས་འཁོར་ཆུང་ངུ་ཞིག་ཉོ་རོགས་ཀྱང་བྱས།
          དོན་དངོས་ཐོག་ཡན་ཆུ་བོའི་འགྲམ་དུ་ཨ་ཐེ་ན་ཡ་ཁེ་དང་ཆན་ཏེ་ལེ་དང་འདྲ་བར་འཚོ་བར་འགྱུར་ལྡོག་བྱུང་བའི་མི་མང་པོ་ཡོད། ཡན་ཆུ་བོའི་ཞིང་ཆུ་འདྲེན་པའི་རྣམ་གྲངས་གནས་སའི་སི་རི་ལན་ཁའི་དབུས་རྒྱུད་དང་བྱང་རྒྱུད་ཀྱི་མི་སེར་གྱིས་ལོ་སུམ་ཅུ་ལ་ཉེ་བའི་ནང་དམག་འཁྲུག་གི་སྡུག་བསྔལ་མྱངས་མྱོང་བ་དང་ལོ་མང་པོར་ན་གཞོན་མི་ཉུང་བར་སློབ་གསོ་ཐོབ་པའི་གོ་སྐབས་བྱུང་མེད་པ་དང་། ལས་ཀའང་ཡུན་རིང་པོ་རག་མེད། ཡན་ཆུ་བོའི་ཞིང་ཆུ་འདྲེན་པའི་རྣམ་གྲངས་མགོ་ཚུགས་རྗེས་དེ་གའི་མང་ཚོགས་ལ་ལས་ཀ་འཚོལ་བའི་གོ་སྐབས་མང་པོ་བྱུང་ནས་མང་བའི་སྐབས་ལས་མི་ཆིག་སྟོང་ལ་ཉེ་བ་ཟིན་ལ་ལས་ཀའི་ཉམས་མྱོང་དེ་ཙམ་མེད་པའི་ན་གཞོན་ཚོ་རྩལ་ནུས་གསོ་སྦྱོང་བྱས་རྗེས་ལས་གནས་ཐོག་བསྐྱོད་ཐུབ་པ་བྱུང་ཡོད།
          རྣམ་གྲངས་ལས་གཉེར་མཁན་གྱི་འཐུས་མི་སི་རི་ལན་ཁའི་ཞིང་ཆུ་འདྲེན་པའི་རྣམ་གྲངས་པུའི་ལས་བྱ་ཕ་ལི་ཐེས་ཡན་ཆུ་བོའི་ཞིང་ཆུ་འདྲེན་པའི་རྣམ་གྲངས་ནི“ཡན་ཆུ་བོའི་རྒྱུད་ཀྱི་གྲོང་མིའི་རེ་བ་འཆང་ཡུལ”ཞིག་ཏུ་གྱུར་ཡོད། “དེ་གའི་མང་ཚོགས་ཡིན་ནའང་འདྲ། ཡང་ན་དཔོན་རིགས་ཡིན་ནའང་འདྲ། ཚང་མས་རྣམ་གྲངས་དེས་འཚོ་བ་གསར་པ་སྐྲུན་རྒྱུའི་རེ་བ་བྱེད་བཞིན་ཡོད”ཅེས་གདེང་འཇོག་དེ་ལྟར་བྱས།
      

    ཕྱོགས་བསྡུས་གསར་འགྱུར།