འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅༎སྒོ་དབྱེ་གསར་སྤེལ་གྱི་རྣམ་པ་གསར་པ་མཉམ་དུ་བཏོད་པ། 

    —— བོད་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་ཞུགས་བྱས་པར་གྲུབ་འབྲས་ཆེན་པོ་དྲུག་ཐོབ་པའི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་16ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་འཚོག་ཉེའི་མཚམས་སུ་ལས་དོན་ཁག་གྲ་སྒྲིག་ཨང་བསར་བྱུང་ཡོད། ད་རེས་རང་ལྗོངས་ཀྱི“ནེ་པ་ལ·ཀྲུང་གོའི་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་གླིང”དང“ཀྲུང་ནེའི་མཛའ་གྲོགས་བཟོ་ལས་གླིང”རྣམ་གྲངས་གཉིས་མཐོ་རིམ་གླེང་སྟེགས་ནང་ཞུགས་རྒྱུ་ཡིན་པ་དང་། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཀྱང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་གསུམ་ལྷག་ཙམ་རིང་བོད་ལ་ཐོབ་པའི་གྲུབ་འབྲས་ངོམས་སྟོན་བྱས་པ་སྟེ། ཧི་མ་ལ་ཡ་མཁའ་འགྲུལ་སོགས་རྒྱལ་སྤྱིའི་ཐོན་ནུས་དང་སྒྲིག་བཀོད་བཟོ་སྐྲུན་མཉམ་ལས་རྣམ་གྲངས་ཁག་གཅིག་ལས་འགོ་ཚུགས་པ་དང་། ཀོང་ཏུང་ནས་བོད་བརྒྱུད“ཨེ་ཤེ་ཡ་དབུས་ལྷོར་བསྐྱོད་པའི་དུས་གཏན་མེ་འཁོར”རྒྱུན་རྣམ་གཉེར་སྐྱོང་བྱེད་ཐུབ་པ། 2016ལོའི་རང་ལྗོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་51.7ཟིན་པ་སོགས་ཡིན། འཐབ་འཇུས་འཆར་འགོད་ནས་འཛུགས་སྐྲུན་འགག་སྒྲོལ་བར་གྱི་འཕེལ་རྒྱས་དང་གཙོ་གནད་རྣམ་གྲངས་མགྱོགས་མྱུར་དོན་འཁྱོལ་བྱུང་བ་དེས་རང་ལྗོངས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་མཉམ་ཞུགས་ཀྱི་གོམ་སྟབས་མགྱོགས་སུ་སོང་ཡོད། 
         “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་ནས་བཟུང་། རང་ལྗོངས་ཀྱིས་སྒོ་དབྱེའི་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ“རྒྱུད་གཅིག་ལམ་གཅིག”སྤྱི་འདོམས་སུ་བྱེད་པ་དང“འགག་སྒོ་ཕན་ཚུན་འབྲེལ་མཐུད་རྨང་གཞི་དང་སྒོ་དབྱེའི་རྣམ་པའི་ཐོན་ལས་འཕེལ་རྒྱས་ལྟེ་བར”བྱེད་པའི་སྤྱིའི་བསམ་ཕྱོགས་ལ་གཞི་ཚུགས་ཏེ་ཨེ་ཤེ་ཡ་ལྷོ་མའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ལྷ་ས་ལྟེ་བ་དང་གཞིས་རྩེ་མདུན་ཕྱོགས་སུ་བྱས་ཏེ་ཕྱི་ཕྱོགས་སུ་ནེ་པ་ལ་སོགས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ལ་ཕྱོགས་པ་དང་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་འཁྱམ་ནང་མཉམ་འདྲེས་དང་། ནང་ཁུལ་དུ་ཧྲའན་ཤིས་དང་། ཀན་སུའུ། ཉིང་ཞ། མཚོ་སྔོན་བཅས་ཀྱི་དཔལ་འབྱོར་རྒྱུད་འབྲེལ་མཐུད། སི་ཁྲོན་དང་ཁྲུང་ཆིང་གི་དཔལ་འབྱོར་འཁོར་རྒྱ་སོགས་ས་ཁོངས་འཕེལ་རྒྱས་རྒྱུད་འབྲེལ་མཐུད་ཀྱི་སྒོ་དབྱེ་དང་གསར་སྤེལ་གྱི་རྣམ་པ་གསར་པ་ཞིག་དངོས་སུ་བཏོད་ཡོད།
         “ད་ཆ‘རྒྱུད་གཅིག་ལམ་གཅིག’ལ་རང་ལྗོངས་སུ་གྲུབ་འབྲས་ཆེན་པོ་དྲུག་རགས་ཙམ་ཐོབ་པ”སྟེ། 
         གཅིག་ནི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཞིང་། ལོ་གསུམ་རིང་རང་ལྗོངས་ཀྱིས་ལམ་ལུགས་ཞིབ་འཇུག་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་པ་དང“སྲིད་གཞུང་+དངུལ་རྩའི་སྒྲིག་གཞི་+ཇུས་འདོན་ཚོགས་པ”བཅས་ཀྱི་མཉམ་ལས་བྱེད་སྟངས་སྤྱད་དེ་འབྲེལ་ཡོད་འཆར་འགོད་ཀྱི་ཞིབ་འཇུག་ལས་ཀ་ལེགས་གྲུབ་བྱས་ཡོད། ཕྱོགས་མང་དང་ཕྱོགས་གཉིས་ཀྱི་སྐད་ཆ་ཤོད་རེས་བྱེད་པའི་ལས་སྟེགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་རང་ལྗོངས་དང་ནེ་པ་ལ་སོགས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་སྲིད་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ཡོད། 
         གཉིས་ནི་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་ཞིང་། ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ཁྲོད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་བྱེད་པ་སོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར་བཏོན་ནས་མངའ་ཁོངས་སྒྲོལ་བའི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་ཁྲིད་སྟོན་དང་ཕྱི་ཕྱོགས་ཉོ་ཚོང་བྱེད་སྟངས་གསར་གཏོད་ལ་སྐུལ་འདེད་བཏང་ཡོད། ཀོང་ཏུང་ནས་བོད་བརྒྱུད“ཨེ་ཤེ་ཡ་དབུས་ལྷོར་བསྐྱོད་པའི་དུས་གཏན་མེ་འཁོར”རྒྱུན་རྣམ་ཅན་གྱི་གཉེར་སྐྱོང་ཐུབ་རྒྱུར་སྐུལ་འདེད་བཏང་ཞིང་། 2016ལོའི་ཟླ་12པར་ཤར་གཏོང་བྱས་པ་ནས་བཟུང་། མི་དམངས་ཤོག་སྒོར་སྒོར་དུང་ཕྱུར་1.5རི་བའི་དངོས་ཟོག་སྐྱེལ་འདྲེན་བྱས་ཡོད། ཕྱི་ཕྱོགས་ཉོ་ཚོང་གི“ལེགས་གཏོང་ལེགས་འདྲེན”གྱི་འཆར་གཞི་བཏོན་ནས་ལྷ་སའི“ཁུ་ལུ་གཉིས་དང་རྩིད་པ་གཅིག”སོགས་ཕྱི་ཕྱོགས་ཉོ་ཚོང་གི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། 2016ལོར་རང་ལྗོངས་ཀྱི་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་གི་སྤྱི་འབོར་མི་དམངས་ཤོག་སྒོར་སྒོར་དུང་ཕྱུར་51.7ཟིན་པ་དེ་2015ལོ་ལས་ཆག་ཚད་བརྒྱ་ཆའི་གྲངས་51ཉུང་དུ་ཕྱིན་ནས་བརྟན་པོའི་ཁྲོད་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད། 
         གསུམ་ནི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་སྔར་ལས་ལྷག་པ་བྱུང་ཞིང་། རང་ལྗོངས་ཀྱིས་འགག་སྒོ་འཛུགས་སྐྲུན་བྱ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སྐྱིད་གྲོང་འགག་སྒོ་རྒྱ་ཆེ་སྒོ་དབྱེར་སྐུལ་འདེད་བཏང་བ་དང་། འགྲམ་འགག་སྒོའི་དངོས་ཟོག་སྐྱེལ་འདྲེན་བགྲོད་ལམ་གྱི་ནུས་པ་ཚན་རིག་དང་མཐུན་པའི་ངང་སླར་གསོ་བྱ་རྒྱུར་ཞིབ་འཇུག་བྱས་ཏེ་དངོས་ཟོག་ཉོ་ཚོང་སྟབས་བདེ་ཡོང་བར་སྔར་ལས་ལྷག་པའི་སྐུལ་འདེད་བཏང་ཡོད། 
         བཞི་ནི་རྒྱལ་སྤྱིའི་ཐོན་ནུས་དང་སྒྲིག་ཆས་བཟོ་སྐྲུན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། ལོ་གསུམ་རིང་། རང་ལྗོངས་ཀྱིས་ལྗོངས་ཕྱི་ནང་གི་ཁེ་ལས“ནང་འདྲེན”དང“ཕྱིར་སྐྱོད”པར་ཁྲིད་སྟོན་དང་ལྕག་སྐུལ་བྱས་པ་དང་། ཞིང་འབྲོག་ལས་དང་། བཟོ་སྐྲུན་ལས་རིགས། མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས་སོགས་རྒྱལ་སྤྱིའི་ཐོན་ནུས་དང་སྒྲིག་ཆས་བཟོ་སྐྲུན་མཉམ་ལས་ཧུར་ཐག་བྱས་ཏེ་ནེ་པ་ལ་སོགས་རྒྱལ་ཁབ་དང་ཐུན་མོང་ཐོག་འཕེལ་རྒྱས་དང་གཉིས་ཁེ་གཉིས་ཕན་ཡོང་བར་སྐུལ་འདེད་བཏང་ཡོད། 
         ལྔ་ནི་རྒྱལ་སྤྱིའི་མཛའ་གྲོགས་མུ་མཐུད་ཟབ་ཏུ་ཕྱིན་ཞིང་། རང་ལྗོངས་ཀྱིས་ནེ་པ་ལའི་པ་ལ་ཝུའེ་དང་ལ་ཐེ་ན་སློབ་འབྲིང་གཉིས་རོགས་སྐྲུན་བྱ་རྒྱུའི་སྒྲིག་འཛུགས་བྱས་ཏེ་ནེ་པ་ལའི་སློབ་མར་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པ་དང་། ནེ་པ་ལའི་བྱང་རྒྱུད་ཀྱི་ས་ཁུལ་ལ་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་རོགས་སྐྱོར་བྱས་པ། ཡུལ་དེའི་མང་ཚོགས་ལ་གེགས་རྗེས་བསྐྱར་སྐྲུན་བྱེད་རོགས་བྱས་པ་མ་ཟད། ཕྱོགས་མང་པོའི་དཔལ་འབྱོར་ཕྱི་འབྲེལ་ལ་བརྟེན་ནས་ཕན་ཚུན་རྒྱུས་ལོན་བྱ་ཤུགས་ཆེ་རུ་བཏང་སྟེ་མཉམ་ལས་གྲོས་མཐུན་དང་མཛའ་གྲོགས་ཟབ་ཏུ་བཏང་ཡོད། 
         དྲུག་ནི་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་མཉམ་ལས་ལམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་འགྲེམས་ཚོགས་དང་། ཀྲུང་གོའི་བོད—ནེ་པ་ལའི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སོགས་འགྲེམས་ཚོགས་དང་ངོ་འཕྲད་གྲོས་མོལ་ཚོགས་འདུ་རྒྱལ་སྤྱི་ཅན་ལ་འགྱུར་ཚད་ཆེ་རུ་བཏང་སྟེ་ནེ་པ་ལ་སོགས་རྒྱལ་ཁབ་བོད་དུ་འགྲེམས་ཚོགས་ནང་ཞུགས་རྒྱུར་གདན་དྲངས་ཡོད། 2016ལོའི་བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་པ་འཚོགས་རིང་། ནེ་པ་ལ་ཕྱོགས་ཀྱི་ཁེ་ལས་50ཡི་ཚོང་པ་220ལྷག་ཙམ་ལྷ་སའི་འགྲེམས་ཚོགས་ནང་ཞུགས་པར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་ཅེས་ཝང་ཕིང་གིས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།