འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དར་གོས་ལམ་བུའི“མངར་ཆའི་བྱུང་བ”བརྗོད་པ།

    ལི་ཡིང་གིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་14ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ཀྲུང་གོ་བས་མངར་ཆ་སྤྱོད་པའི་ལོ་རྒྱུས་ཤིན་ཏུ་རིང་པོ་ཡིན། དུས་རྒྱུན་འཚོ་བའི་ནང་སྦྲང་རྩིའི་མངར་ཆ་དང་། གྲོ་མྱུག་མངར་ཆ། བུ་རམ། བྱི་རིལ་སོགས་སྣེ་ཁ་མང་པོ་ཡོད་པ་དག་ལ་ལ་ཟས་ཀྱི་བྲོ་བ་སྐྱེད་བྱེད་དང་། ཁ་ཅིག་ཞོར་ཟས། རེ་འགའ་སྨན། ད་དུང་དུས་ཆེན་སྐབས་ལག་རྟགས་སུ་སྤྲོད་པ་སོགས་སྤྱོད་སྒོ་རྒྱ་ཆེན་པོ་ཡོད། མངར་ཆའི་རིགས་སྣ་ཚོགས་ཀྱི་ཁྲོད་ནས་བུ་རམ་དེ“ཀྲུང་གོ་དང་ཕྱི་རྒྱལ་མཉམ་གྲུབ”ཀྱི་ཐོན་རྫས་ཤིག་ཡིན་པའི་ངོས་ནས་དེའི་འཕོ་འགྱུར་བརྒྱུད་རིམ་ནི་སྐམ་མཚོ་གཉིས་ཀྱི་དར་གོས་ལམ་བུ་དང་འབྲེལ་བ་དམ་ཟབ་ལྡན་པའི་ཕྱིར་ན། བུ་རམ་གྱི་བྱུང་བ་ལས་ལོ་ངོ་བརྒྱ་ཕྲག་ནང་ཀྲུང་གོ་དང་ཕྱི་རྒྱལ་དབར་གྱི་རིག་གནས་སྤེལ་རེས་དང་དམངས་སྲོལ་རིག་གནས་རྒྱུན་འཛིན་དང་འགྱུར་བ་ཅི་བྱུང་གི་ལོ་རྒྱུས་མཐོང་ཐུབ་པ་ཡིན།
           ཐང་རྒྱལ་རབས་ཀྱི་གོང་དུ་བུར་ཤིང་འདེབས་སྲོལ་མེད་པའི་བྱང་རྒྱུད་དུ་མི་རྣམས་ཀྱིས་མངར་ཆའི་བྲོ་བ་མྱོང་དགོས་ཚེ། ཐག་རིང་དར་གོས་ལམ་བུ་ནས་འོང་བའི་ཕྱི་རྒྱལ་གྱི་ཕོ་ཉའི་ཚོགས་པ་དང་ནུབ་ལྗོངས་ཀྱི་ཧོར་རིགས་ཚོང་པས་ཁྱེར་ཡོང་བའི་ནུབ་ལྗོངས་ནས་ཐོན་པའི་སྐམ་ཤས་ཆེ་བ་དང་ལྷོ་ཕྱོགས་ཀྱི་བུ་རམ་ལས་བྲོ་བ་དང་སྤུས་ཀ་དག་ལ་འཁྱེར་བདེ་ཞིང་ཉར་བདེ་བའི་བུ་རམ་བཟའ་རྒྱུར་དགའ་པོ་བྱེད་ཀྱི་ཡོད།
          ཐང་རྒྱལ་རབས་ཀྱི་ཀྲེན་ཀོན་ཁྲི་ལོའི་སྐབས། ཐང་ཐའེ་ཙུང་གིས་ནུབ་ལྗོངས་ནས་ཐོན་པའི་བུ་རམ་སྐམ་པོ་ཉར་བདེ་བ་དང་སྤྱོད་བདེ་བའི་དགེ་མཚན་མཐོང་ནས་ཀྲུང་གོས་ཀྱང་བུ་རམ་འདི་རིགས་བཟོ་རྒྱུའི་བསམ་བློ་འཁོར་ཏེ། ཀྲེན་ཀོན་ཁྲི་ལོ་ཉེར་གཅིག་པར་(སྤྱི་ལོ་647)རྒྱ་གར་གྱི་མ་གྷ་དྷར་ཕྱི་སྦྱོང་སློབ་མ་མི་ཉུང་བ་ཞིག་བུ་རམ་བཟོ་བའི་ལག་རྩལ་སྦྱོང་བར་མངགས། ཁོང་ཚོས་ལག་རྩལ་ཁོང་དུ་ཆུད་ནས་ཕྱིར་སླེབས་རྗེས་ཐང་ཐའེ་ཙུང་གིས་དབྱང་ཀྲོའུ་རུ་བུ་རམ་བཟོ་དགོས་པའི་བཀའ་ཕབ་པ་དང་། ལོ་བཅུ་གཉིས་ཚོད་ལྟ་བྱས་པ་བརྒྱུད་སྤུས་ཀ་དག་པའི་མངར་ཆ་ཐོག་མ་དེ་བྱུང་བ་རེད།
         ཐང་ཀའོ་ཙུང་གི་ལུང་ཧྲོའོ་ཁྲི་ལོ་དང་པོར་(སྤྱི་ལོ་661)ཝང་ཞོན་ཚེས་རྒྱལ་པོའི་བཀའ་ལྟར་རྒྱ་གར་ནས་བུ་རམ་བཟོ་མཁན་10གདན་དྲངས་ཤིང་། དེ་ནས་བཟུང་རྒྱ་གར་འཕགས་པའི་ཡུལ་གྱི་བུ་རམ་བཟོ་བའི་ལག་རྩལ་ཀྲུང་གོའི་ས་གཞི་ཆེ་མོར་དར་ཏེ་འདི་གའི་མི་རྣམས་ལ་དཔལ་འབྱོར་གྱི་ཕན་པ་ཆེན་པོ་ཐོབ་པ་དང་སྦྲགས་རྒྱ་གར་གྱི་བུ་རམ་བཟོ་བའི་ལག་རྩལ་ཡང་ཁོར་ཡུག་དང་འདུ་ཤེས་གསར་པར་བརྟེན་ནས་རིམ་བཞིན་ལེགས་འགྱུར་བྱུང་སྟེ་འཛམ་གླིང་གི་མངར་ཆའི་རིག་གནས་ཁྲོད་ཀྲུང་གོའི་ནུས་པ་ཆེན་པོ་ཐོན་ཡོད།
         སུང་བྱང་མའི་སྐབས། སི་ཁྲོན་རྒྱུད་ཀྱི་བཟོ་བོས་རྡོག་ཤིན་ཏུ་ཆུང་བའི་ཤེལ་ཀ་ར་དཀར་པོ་བཟོས་པ་དང་། སུང་ལྷོ་མའི་ཁྲའོ་ཤིན་ཁྲི་ལོའི་སྐབས། བུ་རམ་གྱི་འདེབས་ཁྱོན་ཆེ་རུ་དང་ལག་རྩལ་དར་ཁྱབ་སོང་བའི་དབང་གིས་ཀ་ར་ཞིབ་མོས་ལྷོ་ཕྱོགས་ཀྱི་མངར་ཆའི་དགོས་མཁོ་སྐོང་བ་དང་ཆབས་ཅིག་ལྷག་མའང་བྱུང་བ་དང་། སུང་རྒྱལ་རབས་དུས་མཚོ་འགྲུལ་ལག་རྩལ་དང་མཚོ་ཐོག་ཉོ་ཚོང་གཞི་ཁྱོན་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་བྱུང་ནས་ཆུ་འདྲེས་ཚད་ཉུང་བ་དང་སྤུས་ཀ་དག་པའི་མངར་ཆ་ཞིབ་མོ་ཐོན་ཏེ། ཐག་རིང་རྒྱ་མཚོ་སྒྲོལ་ནས་ལྷོའི་ཀྲན་ཁྲེང་དང་། ཀྲེན་ལ། སན་ཕུའུ་ཆི། ཏན་མཱ་ལིང་སོགས་ལྷོ་རྒྱ་མཚོའི་རྒྱལ་ཁབ་དང་ཐ་ན་ཏ་ཟིག་དང་རོ་མ་སོགས་སུ་དར་ནས “ཀྲུང་གོའི་མངར་ཆ”ཞེས་པ་འཛམ་གླིང་གར་སྟེགས་ཐོག་སྙན་པའི་གྲགས་པ་ཁྱབ།
          ཡོན་རྒྱལ་རབས་ཀྱིས་དབང་སྒྱུར་བྱེད་པའི་སྐབས། ཀྲུང་གོ་དང་ཕྱི་རྒྱལ་དབར་རིག་གནས་སྤེལ་རེས་དར་རྒྱས་ཀྱི་རྩེ་མོར་སོན་ནས་ཨ་རབ་པ་ཁག་གཅིག་གིས་མངའ་ཆ་བཟོ་བའི་ལག་རྩལ་ཀྲུང་གོར་སྤེལ་ཏེ་ཕུའུ་ཀྲོའུ་ཡི་བཟོ་པར་བསླབས་ནས་ཀྲུང་གོའི་བྱེ་མ་ཀ་རའི་སྤུས་ཀ་དག་ཏུ་བཏང་བ་རེད། མཱ་ཁོ་·པོའོ་ལུའོ་ཡི་《མཱ་ཁོ་·པོའོ་ལུའོ་ཡི་ཡུལ་སྐོར་ཟིན་ཐོ་》ཡི་ནང་ཕུའུ་ཀྲོའུ་བས“ཆེས་དཀར་བའི་བྱེ་མ་ཀ་ར”བཟོ་ཚུལ་དང་བཟོ་མཁན་ཡང་ཧ་ཅང་མང་བའི་གནས་ཚུལ་འཁོད་ཡོད།
          འདིར་བརྗོད་པར་འདོད་པ་ནི། ཀྲུང་གོས་བཟོས་པའི་བྱེ་མ་ཀ་ར་དང་ཚོས་ཕུད་པའི་ལག་རྩལ་དེ་མིང་རྒྱལ་རབས་དུས་སུ་རྒྱ་གར་གྱི་བྷང་ག་ལར་དར་བ་དང་། དེ་ནས་རིམ་བཞིན་ཧིན་རྡུའི་སྐད་དང་བྷང་ག་ལའི་སྐད་སོགས་རྒྱ་གར་གྱི་སྐད་རིགས་མང་པོའི་ནང་བྱེ་མ་ཀ་རར“ཅི་ནི”ཞེས་འབོད་པ་ནི“ཀྲུང་གོ་ཡི”ཞེས་པའི་དོན་ཡིན་པ་རེད། སྐམ་མཚོ་གཉིས་ཀྱི་དར་གོས་ལམ་བུའི་ཐོག་ལོ་ངོ་བརྒྱ་ཕྲག་རིང་ཀྲུང་གོ་དང་ཕྱི་རྒྱལ་གྱི་རྒྱལ་ཁབ་ཁག་དབར་བུ་རམ་ལ་བརྟེན་ནས་ཕན་ཚུན་འབྲེལ་འདྲིས་དང་མཛའ་གྲོགས་ཟབ་མོ་བྱུང་ལ། ཤར་ནུབ་རིག་གནས་སྤེལ་རེས་ཡོང་བར་ཀྲུང་གོས་ནུས་པ་ཧུར་ཐག་བཏོན་པའང་བདེན་དཔང་ཐུབ་ཡོད། བུ་རམ་ལག་རྩལ་འཚོལ་ཞིབ་དང་ཡག་ཐོག་ཡག་བརྩེགས་ཡོང་བའི་བརྒྱུད་རིམ་ཁྲོད་གནའ་བོའི་ཀྲུང་གོ་བའི་ཁོང་ཡངས་དཀྱེལ་ཆེ་དང་ཡར་བརྩོན་གྱི་སྙིང་སྟོབས་ལེགས་པར་མངོན་པ་དེ་གནའ་བོའི་དར་གོས་ལམ་བུར་གསོན་ཤུགས་གསར་པ་སྐྱེ་བའི་ད་ཆར་ཡང་རིག་གནས་སྤེལ་རེས་བྱེད་པའི་ལམ་སྟོན་སྒྲོན་མེ་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།