འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སྐྱེ་གཡོག་བརྒྱུགས་པ་བརྒྱུད་སྐྱེད་མ་ནི་རླབས་པོ་ཆེ་ཞིག་ཡིན་པ་ངས་དེ་བས་བསམ་ཤེས་ཐུབ་བྱུང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་14ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་བུ་བཙའི་ཚན་ཁག་གི་སྐྱེ་གཡོག་སྨན་པ་ལིའུ་སའེ་ཧྭ་ཡི་རོགས་རམ་འོག“ཝ”སྒྲ་དང་བཅས་ཕྲུ་གུ་དམར་འབྱར་ཞིག་བདེ་བླག་ངང་སྐྱེས།
          ལོ་23ལ་སོན་པའི་དབྱང་ནཱ་བུ་བཙའ་ཁང་དུ་བསྐྱལ་ནས་ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས་ཕྲུ་གུ་བདེ་བླག་ངང་སྐྱེས་པ་དང་། སྨན་པས“ཕྲུ་གུ་བུ་མོ་རེད། ལྗིད་ཚད་ལ་རྒྱ་མ་ལྔ་དང་སྲང་དོ་འདུག མ་སྨད་བདེ་ཐང་རེད”ཅེས་བརྗོད། དེའི་སྐབས་སུ་ཕྲུ་གུ་བཙའ་ཁང་དུ་བདེ་སྐྱིད་དང་དགའ་སྤྲོའི་རྣམ་པས་ཁེངས། ལིའུ་སའེ་ཧྭ་ཡིས་དབུགས་ལན་གཅིག་བརྔུབས་རྗེས་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར།
         ཞོགས་པ་ལས་འགོ་མ་ཚུགས་གོང་ནས་ཕྲུ་གུ་ཞིག་བདེ་བླག་ངང་སྐྱེས། ལིའུ་སའེ་ཧྭའི་ངོས་ནས་བརྗོད་ཚེ་དེ་ནི་ཁོ་མོའི་ལས་ཀའི་བརྒྱུད་རིམ་ནང་རྒྱུན་གཏན་གྱི་ཉིན་ཞིག་འགོ་ཚུགས་པ་ཞིག་རེད། དེ་རྗེས་ལིའུ་སའེ་ཧྭ་ཕྲུ་གུ་བཙའ་ཁང་དུ་བསྐྱོད་ནས་ཕྲུ་གུ་སྐྱེ་རྒྱུར་བསྒུགས་ནས་སྡོད་པའི་པའོ་ཡུང་ཅུས་ལ་ལྟ་ཞིབ་བྱས་པ་དང་འབྲེལ་ཁོ་མོར་འབྲས་ཐུག་ཐུར་མ་གཉིས་བསྟེར་ཏེ་གྲོད་པར་ན་ཟུག་གཏོང་གི་འདུག་གམ་ཞེས་དྲིས་པ་དང་དུས་མཚུངས་ཁོ་མོར་དབུགས་འབྱིན་རྔུབ་ཇི་ལྟར་བྱེད་དགོས་མིན་བསླབས་པ་རེད།
         གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་མོད། འོན་ཀྱང་ལིའུ་སའེ་ཧྭ་ཡི་མིག་གཉིས་ཀྱི་མིག་མཐའ་ནག་པོ་ཆགས་ཡོད་ཅིང་། དོན་དམ་དུ་འདི་ལོ་ལོ་29ལས་མ་སོན་པའི་ལིའུ་སའེ་ཧྭ་ནི་ཕྲུ་གུ་གཉིས་ཀྱི་ཨ་མ་ཡིན་པ་དང་། བུ་མོ་ཆུང་བ་ད་ལོ་གཞི་ནས་ཟླ་7ལོན་ཙམ་རེད།
         “ངའི་ཁྱོ་བོའང་སྨན་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། ངའི་བསམ་པར་ཕྲུ་གུ་གཉིས་ལ་ལྟ་རྟོག་ཡག་པོ་བྱེད་ཐུབ་སོང་་སྙམ་གྱི་འདུག ང་ཚོའི་ལས་ཀས་ཕྲུ་གུ་གཉིས་ལ་ལྟ་རྟོག་བྱེད་ཁོམ་དེ་ཙམ་མང་པོ་མི་འདུག”ཅེས་ལིའུ་སའེ་ཧྭ་ཡིས་བརྗོད། དེའི་སྐབས་ཁོ་མོར་སྐྱོ་ལྷང་ལྷང་གི་སྣང་བ་ཞིག་བྱུང་བ་དང་འབྲེལ་གདོང་ལས་གནོང་འགྱོད་ཀྱི་རྣམ་འགྱུར་ཞིག་མངོན།
         ཕྲུ་གུར་འོ་མ་སྟེར་བཞིན་པའི་ཨ་མ་ཞིག་གི་ཆ་ནས་ལིའུ་སའེ་ཧྭ་ལ་ཉིན་ལྟར་ངལ་གསོ་ཆུ་ཚོད་བཞི་ལྔ་ཙམ་ལས་རྒྱག་ཁོམ་མེད། སྐྱེ་གཡོག་གི་སྨན་པའི་ལས་གནས་སུ་ཁོ་མོས་ཉིན་ལྟར་མི་གཞན་ལ་ཕྲུ་གུ་བདེ་བླག་ངང་སྐྱེ་ཐུབ་པའི་ཆེད་དུ་ལས་ཀ་ཧུར་ཐག་བྱེད་བཞིན་ཡོད།
         ལོ་6གི་སྐྱེ་གཡོག་སྨན་པའི་ལས་ཀའི་ཉམས་མྱོང་ལས་ལིའུ་སའེ་ཧྭ་ཡིས་སྐྱེད་མ་ཞེས་པའི་ཐ་སྙད་འདིར་གོ་བ་གཏིང་ཟབ་ལེན་ཐུབ་ཅིང་། ཁོ་མོས“སྐྱེད་མ་ཚང་མ་ཧ་ཅང་རླབས་ཆེན་རེད། བུ་སྣོད་སྐུམ་པ་དང་ཤུགས་རྒྱག་རིམ་ཚང་མ་མིའི་མཐར་ཟད་ལ་འགྲན་རྩོད་བྱེད་པ་ཞིག་རེད། ཡིན་ནའང་ཕྲུ་གུ་བདེ་ཐང་བྱུང་ཚེ་དེ་ནི་སྐྱེད་མར་འཇལ་བའི་དྲིན་ཡག་ཤོས་རེད”ཅེས་བརྗོད།
         སྐྱེ་གཡོག་ལས་ཀར་བསམ་པའི་ངལ་རྩོལ་བྱེད་དགོས་ཀྱི་ཡོད་ལ་ཤུགས་ལས་ཀྱང་བྱེད་དགོས་ཀྱི་ཡོད་ཅིང་། ལིའུ་སའེ་ཧྭ་ཡིས་ང་ཚོས་སྦྲུམ་མར་ཆུའི་ནང་དུ་ཕྲུ་གུ་བཙའ་རྒྱུའི་གདམ་ག་བྱེད་དུ་འཇུག་གི་ཡོད། གང་ལགས་ཤེ་ན། ཕྲུ་གུ་སྐྱེ་སྟངས་དེ་རིགས་ཀྱིས་སྦྲུམ་མའི་ན་ཟུག་ཆུང་དུ་གཏོང་བ་དང་ཕྲུ་གུ་སྐྱེ་བའི་དུས་ཡུན་ཐུང་དུ་འགྲོ་གི་ཡོད། ཡིན་ནའང་ཕྲུ་གུ་སྐྱེ་བའི་བརྒྱུད་རིམ་ནང་སྐྱེ་གཡོག་སྨན་པའི་ལས་ཀ་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད་ཅེས་དཔེ་དྲངས་ནས་བཤད་བྱུང་།
         “ཆུའི་ནང་དུ་ཕྲུ་གུ་སྐྱེ་བར་རོགས་རམ་བྱེད་མཁན་སྐྱེ་གཡོག་སྨན་པ་མགོ་ནས་མཇུག་བར་སྟོད་བསྒུར་ནས་སྡོད་དགོས་པ་མ་ཟད། སྦྲུམ་མའི་རྐང་པ་ང་ཚོའི་སྐེད་པར་བཀར་དགོས་ཀྱི་ཡོད། སྐབས་རེ་སྐེད་པར་བཀར་ནས་ཆུ་ཚོད་གཉིས་གསུམ་ཙམ་འགོར་གྱི་ཡོད་པས། ཆུའི་ནང་དུ་ཕྲུ་གུ་སྐྱེ་བསུ་ཚར་རྗེས་སྐེད་པར་ན་ཚ་གཟའ་འཁོར་ཁ་ཤས་གཏོང་གི་འདུག”ཅེས་ལིའུ་སའེ་ཧྭ་ཡིས་གསར་འགོད་པར་བཤད་བྱུང་།
         ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་བུ་བཙའ་ཚན་ཁག་གི་སྨན་གཡོག་དཔོན་ཀྲང་ཚུང་གིས་སྐྱེ་གཡོག་སྨན་པ་ནི་ཚེ་སྲོག་གསར་པ་བསུ་བའི་ལས་རིགས་ཤིག་ཡིན་ལ་སྐྱེས་མ་ཐག་པའི་ཕྲུ་གུ་མང་པོ་ཞིག་པང་དུ་ཐོག་མར་ལེན་མཁན་ཞིག་ཀྱང་ཡིན་པས་མི་དེ་བས་མང་བས་ང་ཚོའི་ལས་ཀར་དོ་ཁུར་དང་བསམ་ཤེས་བྱེད་པའི་རེ་བ་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།