འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་བདེ་ཆེན་རྡོ་མཁར་གནའ་གྲོང་གི་སྤུས་ཚད་ལེགས་སུ་གཏོང་བ་དང་རྒྱ་སྐྱེད་ཀྱི་
    རྣམ་གྲངས་ལས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་09ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཡུན་ནན་ཞིང་ཆེན་བདེ་ཆེན་ཀྲོའུ་ཡི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སིའི་ཡོལ་ཁེབས་ཕྱེ་བ་དང་རྡོ་མཁར་གནའ་གྲོང་གི་སྤུས་ཚད་ལེགས་སུ་གཏོང་བ་དང་རྒྱ་སྐྱེད་ཀྱི་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་གནའ་གྲོང་དུ་འཚོགས་པ་རེད། རྣམ་གྲངས་དེར་རྒྱ་ཁྱོན་མུའུ་1184འཆར་འགོད་བྱེད་རྩིས་ཡོད་པར་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་55ཙམ་ཟིན་ནས་མ་དངུལ་བསྡོམས་སྒོར་དུང་ཕྱུར་35གཏོང་རྒྱུའི་འཆར་གཞི་ཡོད་པ་མ་ཟད། རྣམ་གྲངས་འཛུགས་སྐྲུན་བརྒྱུད་གནའ་གྲོང་གི་བྱེད་ནུས་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བ་དང་། ཡུལ་སྐོར་ཞབས་ཞུའི་སྣེ་ལེན་ནུས་པ་དང་ཆུ་ཚད་གོང་མཐོར་འགྲོ་བ། བདེ་ཆེན་གྱི་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་བྱེད་པའི་རྣམ་གྲངས་གལ་ཆེན་ཞིག་རེད།
         བདེ་ཆེན་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་རྣམ་གྲངས་ལས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲོའུ་ཀྲང་ཆི་ཅན་ཤིན་དང་ཡུན་ནན་འཛུགས་སྐྲུན་མ་འཇོག་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཁྲེན་ཝུན་ཧྲན་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
         ཆི་ཅན་ཤིན་གྱིས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་དང་རྡོ་མཁར་གནའ་གྲོང་གི་སྤུས་ཚད་ལེགས་སུ་གཏོང་བ་དང་རྒྱ་སྐྱེད་ཀྱི་རྣམ་གྲངས་ལས་འགོ་ཚུགས་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཆི་ཅན་ཤིན་གྱིས་ཡུན་ནན་ཞིང་ཆེན་འཛུགས་སྐྲུན་མ་འཇོག་ཚོགས་པ་དང་མཉམ་ལས་བྱེད་པ་ནི་རང་རེའི་ཀྲོའུ་ཡིས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་ལེན་ཧུར་ཐག་ཞུས་ནས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཚད་གཏིང་ཟབ་ཏུ་གཏོང་བ་དང་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་མ་ཤུགས་ཆེན་བཏང་སྟེ་སེམས་ཀྱི་ཉི་ཟླའི་སྤུས་རྟགས་རྒྱ་སྟོབས་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་རྡོ་མཁར་གནའ་གྲོང་གི་སྤུས་ཚད་མཐོར་གཏོང་དང་རྒྱ་སྐྱེད་ཀྱི་རྣམ་གྲངས་བདེ་བླག་ངང་སྐྲུན་འགོ་ཚུགས་པ་དེས་རང་རེའི་ཀྲོའུ་ཡི་ཡུལ་སྐོར་དང་རིག་གནས་མཉམ་འདྲེས་གོང་འཕེལ་ལ་སྐུལ་མ་ཐེབས་པ་དང་། སེམས་ཀྱི་ཉི་ཟླའི་སྤུས་རྟགས་ལེགས་སུ་འགྲོ་བ། བདེ་ཆེན་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་མ་ཐེབས་པ། ཡུལ་སྐོར་གྱི་ཀ་རྟེན་ཐོན་ལས་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུ་སོགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། འཛུགས་སྐྲུན་ལ་ཞུགས་མཁན་ཚན་པ་ཁག་གིས་རྒྱལ་ཡོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་གཏོད་པའི་དམིགས་ཚད་ངེས་གནས་གཞིར་བཟུང་། རྣམ་གྲངས་དེ་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་ནས་མཚོན་བྱེད་རང་བཞིན་ལྡན་པའི་གྲོང་ཁྱེར་གྱི་ཡུལ་སྐོར་ཕྱོགས་བསྡུས་གཞི་གཅིག་དང་རྒྱལ་ཡོངས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་རྩེ་གྲར་བསྐྲུན་ནས་རང་རེའི་ཀྲོའུ་ཡི་ལོ་རྒྱུས་རྒྱུན་འཛིན་དང་འབྱུང་འགྱུར་གྱི་མི་རིགས་རིག་གནས་མྱོང་རོལ་ཁུལ་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་གསུངས།
         ཀུའུ་ཁུན་དང་ཁྲེན་ཝུན་ཧྲན་གཉིས་པོས་གསར་དུ་བཙུགས་པའི་ཀྲོའུ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སིའི་ཡོལ་ཁེབས་ཕྱེ་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྡོ་མཁར་གནའ་གྲོང་གི་སྤུས་ཚད་ལེགས་སུ་གཏོང་བ་དང་རྒྱ་སྐྱེད་རྣམ་གྲངས་དེ་རྡོ་མཁར་གནའ་གྲོང་ལྷོ་རྒྱུད་ཀྱི་ཁང་ཀྲུའུ་ལམ་ཆེན་དང་། གནམ་ཐང་ལམ། རྒྱལ་ལམ་214བཅས་འབྲེལ་མཚམས་སུ་གནས་ནས་རྒྱ་ཁྱོན་མུའུ་1184འཆར་འགོད་བྱེད་རྩིས་ཡོད་པར་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་55ཙམ་ཟིན་ནས་མ་དངུལ་བསྡོམས་སྒོར་དུང་ཕྱུར་35གཏོང་རྒྱུའི་འཆར་གཞི་ཡོད། འཛུགས་སྐྲུན་ནང་གཙོ་བོ་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དང་། རིག་གནས་ཁང་། རྟེན་རྫས་བཤམས་མཛོད་ཁང་། བརྗོད་དོན་གཙོ་བོའི་ཐང་ཆེན། སྐར་མ་རིམ་པའི་གསོལ་མགྲོན་ཁང་། བོད་བཟོའི་རིག་གནས་ཁང་། ཚོང་ལས་ཐོག་བརྩེགས་ཁང་ཆེན། དམངས་སྲོལ་འགྲུལ་ཁང་། བཟའ་བཏུང་སྤུས་དག གོམ་བགྲོད་ཚོང་ལས་ཁྲོམ་གཞུང་། ལེ་ལག་ཚང་བའི་ཡུལ་སྐོར་སྒྲིག་ཆས་སོགས་ཚུད་པར"ཟ་སྡོད་འགྲོ་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད"སོགས་གཞི་གཅིག་ཏུ་འདུས་ཡོད་པས་མི་རིགས་རིག་གནས་ཀྱི་མྱོང་རོལ་དང་། སྤྲོ་གསེང་། རོལ་རྩེད་ལྟ་སྐོར། ཡུལ་སྐོར་བསྡུ་འགྲེམ་ཞབས་ཞུ། སྡོད་གནས་ཀྱི་སྣོད་བཅུད་ལེགས་པ་བཅས་ཀྱི་བོད་བཟོའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ཞིག་ཧུར་ཐག་བཏོད་དེ་རང་རེའི་ཀྲོའུ་ཡི་རིག་གནས་དང་ཡུལ་སྐོར་ཐོན་ལས་གཅིག་སྡུད་ལ་སྐུལ་མ་བཏང་ནས་རིག་གནས་དང་ཡུལ་སྐོར་ཕན་སྐུལ་བྱས་ཏེ་ཀྲོའུ་ཡོངས་ཀྱི་ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་མ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།