མི་དམངས་དྲ་བ།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་
སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་
བསམ་འཆར་》པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་28ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་ཚོད་ལྟ་བྱེད་འགོ་ཚུགས་ཡོད་པ་རེད།
          《བསམ་འཆར་》ནང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུ་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》ནང་བཀོད་སྒྲིག་བྱས་པའི་གཙོ་གནད་ལས་འགན་དོན་འཁྱོལ་བྱེད་པ་ཞིག་དང་། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཉམ་འབྲེལ་ཐོག་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། ཐོན་ཁུངས་བཀོད་སྒྲིག་ནུས་ལྡན་བྱས་ནས་གཞི་རིམ་མང་ཚོགས་ལ་སྤུས་ལེགས་སྟབས་བདེའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པའི་བྱ་ཐབས་གལ་ཆེན་ཞིག་རེད། དེ་སྨན་བཅོས་ཐོན་ཁུངས་ཀྱི་གྲུབ་ཆའི་ཁྱབ་ཚུལ་ལེགས་སྒྲིག་དང་ལེགས་བཅོས་བྱས་ནས་སྨན་བཅོས་འཕྲོད་བསྟེན་ལས་ཀའི་གཙོ་གནད་དང་ཐོན་ཁུངས་གཞི་རིམ་ལ་ཕྱོགས་ནས་གཞི་རིམ་གྱི་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད་པ་དང་། སྨན་བཅོས་ཐོན་ཁུངས་གོང་འོག་སྦྲེལ་མཐུད་བྱས་ཏེ་སྨན་བཅོས་ཞབས་ཞུའི་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་བཏང་སྟེ་དེ་བས་ལེགས་པའི་ངང་རིམ་དབྱེའི་སྨན་བཅོས་བྱེད་པ་དང་མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོ་སྐོང་རྒྱུར་ཕན་པ་ཡོད་ཅེས་བསྟན་ཡོད་པ་རེད།
         《བསམ་འཆར་》ནང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་བར་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་དང་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་གཏོང་བའི་དོན་དངོས་ལ་གཞིགས་ཏེ་སྨན་བཅོས་སྒྲིག་གཞིའི་ནུས་པའི་ངེས་གནས་དོན་འཁྱོལ་བྱེད་པ་དང་། གཞི་རིམ་གྱི་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་བ། ཕྱོགས་གཉིས་རེས་སྐོར་ནད་བརྟག་སྨན་བཅོས་ཀྱི་གོ་རིམ་མཐུན་སྦྱོར་བཅས་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་སྲིད་གཞུང་གིས་གཙོ་ཁྲིད་དང་། འཆར་འགོད་ལ་སྤྱི་འདོམས། སྤྱི་ཕན་རྒྱུན་འཁྱོངས། ལམ་སྲོལ་གསར་གཏོད། ཐོན་ཁུངས་གཤམ་སྒྱུར། འཇོན་ཐང་ཆེར་གཏོང་། དམངས་བདེ་དམངས་ཕན། མང་ཚོགས་ལ་ཕན་འདོགས་པ་སོགས་ཀྱི་རྩ་དོན་ལ་གཞིགས་ནས་སྐུལ་འདེད་གཏོང་དགོས། 2017ལོར་རྣམ་པ་སྣ་ཚོགས་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་ཚོད་ལྟ་ཕྱོགས་ཡོངས་ནས་བྱེད་འགོ་བཙུགས་ཏེ་རིམ་གསུམ་གཞུང་བཙུགས་སྨན་ཁང་ཚང་མ་ཞུགས་པ་དང་འབྲེལ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཚོད་ལྟའི་ཞིང་ཆེན་གྱི་ས་ཁུལ་དང་གྲོང་ཁྱེར་ཚང་མ་དང་དེ་བཞིན་རིམ་དབྱེའི་ནད་བརྟག་སྨན་བཅོས་ཀྱི་ཚོད་ལྟའི་གྲོང་ཁྱེར་གྱིས་ཉུང་མཐར་ཡང་ཕན་འབྲས་མངོན་གསལ་དོད་པའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་རེ་འཛུགས་དགོས། 2020ལོར་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་དེ་བས་འཐུས་སྒོ་ཚང་བའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་སྲིད་ཇུས་མ་ལག་ཆགས་པ་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
         《བསམ་འཆར་》ནང་ས་ཁུལ་དེ་གའི་རིམ་དབྱེའི་ནད་བརྟག་སྨན་བཅོས་ལམ་ལུགས་འཛུགས་སྐྱོང་གི་དོན་དངོས་གནས་ཚུལ་ལ་གཞིགས་ཏེ་ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་མཛུབ་ཁྲིད་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་རྩ་འཛུགས་ཀྱི་རྣམ་པ་རིམ་བཞིན་ཆགས་པ་བྱེད་དགོས། གྲོང་ཁྱེར་དུ་གཙོ་བོ་སྨན་བཅོས་ཚོགས་པ་འཛུགས་པ་དང་། རྫོང་ཁོངས་སུ་གཙོ་བོ་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་པ། ས་ཁོངས་སྒྲོལ་ཡུལ་དུ་ཆེད་ཚན་མནའ་འབྲེལ་འཛུགས་པ། སྨན་བཅོས་ཐོན་ཁུངས་དཀོན་པའི་ཐག་རིང་ལུང་ཁུག་གི་ས་ཁུལ་དབུལ་པོར་རྒྱང་རིང་སྨན་བཅོས་མཉམ་ལས་དྲ་རྒྱ་སྐྲུན་པ་བཅས་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
         《བསམ་འཆར་》ནང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ནང་ཁུལ་གྱི་ལས་བགོས་མཉམ་སྒྲུབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། སྒྲིག་འཛུགས་དོ་དམ་དང་མཉམ་སྒྲུབ་ལམ་ལུགས་བཙུགས་ནས་སྨན་བཅོས་སྒྲིག་གཞིའི་ནུས་པའི་ངེས་གནས་དོན་འཁྱོལ་བྱེད་པ་དང་། དགོས་མཁོ་སྟོན་ཕྱོགས་སུ་བྱས་ཏེ་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ལས་དོན་ལེགས་པར་བསྒྲུབས་ནས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ནང་གི་ཕྱོགས་གཉིས་ཀྱི་ནད་བརྟག་སྨན་བཅོས་རེས་མོས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དེ་དང་དུས་མཚུངས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ནང་ཁུལ་གྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གོང་འོག་སྦྲེལ་མཐུད་བྱས་ནས་མི་སྣ་བཀོད་སྒྲིག་དང་། གླ་ཕོགས་བགོ་འགྲེམས། ཐོན་ཁུངས་མཉམ་སྤྱོད་སོགས་ལ་སྤྱི་འདོམས་བྱས་ནས་མི་ཤུགས་ཐོན་ཁུངས་གོ་རིམ་ལྡན་པའི་སྒོ་ནས་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་ནད་བརྟག་སྨན་བཅོས་ཀྱི་ཆ་འཕྲིན་ཕན་ཚུན་སྦྲེལ་མཐུད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།