འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁེ་རེ་ཡའི་ཙུང་ཐུང་འོས་མི་འགའ་ཡིས"སཱ་ཏེ"དམག་ཆས་བཀོད་སྒྲིག་བྱས་པར་བློ་ཕམ་
    ཚུལ་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་27ཉིན། 15:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷོ་ཁེ་རེ་ཡའི་ཙུང་ཐུང་འོས་མི་འགའ་ཡིས'སཱ་ཏེ'དམག་ཆས་བཀོད་སྒྲིག་བྱས་པར་བློ་ཕམ་
ཚུལ་བསྟན་པ།
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན། ལྷོ་ཁོ་རེ་ཡའི་ཏང་ཤོག་འགའ་ཡི་ཙུང་ཐུང་འོས་མི་ཡིས་ཉིན་དེར་ལྷོ་ཁོ་རེ་ཡར་བཅའ་སྡོད་ཨ་རིའི་དམག་དཔུང་གིས"སཱ་ཏེ"མ་ལག་གི་དམག་ཆས་ཆ་ཤས་ལྷོ་ཁོ་རེ་ཡའི་ཆིང་ཧྲང་པེ་ཏའོ་ཡི་ཤིན་ཀྲོའུ་ཀོར་ཧྥུའུ་སྤོ་ལོ་རྒྱག་སར་སྐྱེལ་བའི་སྐོར་ལ་ལྟ་ཚུལ་བརྗོད་ཡོད་ཅིང་། བྱ་སྤྱོད་འདི་ནི་བློ་ཕམ་པ་ཞིག་རེད་ཅེས་བརྗོད།
          ལྷོ་ཁོ་རེ་ཡའི་སྲིད་དབང་བཟུང་མེད་པའི་ཏང་ཆེ་ཤོས་ཐུན་མོང་དམངས་གཙོ་ཏང་གི་ཙུང་ཐུང་འོས་མི་ཝེན་ཙའེ་དབྱིན་གྱིས་མགྲིན་ཚབ་པ་བརྒྱུད་ནས་ལྷོ་ཁོ་རེ་ཡར་བཅའ་སྡོད་ཀྱི་ཨ་རིའི་དམག་དཔུང་གིས་ཉིན་དེར་ཤིན་ཀྲོའུ་རུ"སཱ་ཏེ"མ་ལག་གི་དམག་ཆས་ཆ་ཆས་བཀོད་སྒྲིག་བྱས་པ་དེས"ལྷོ་ཁོ་རེ་ཡ་རྒྱལ་དམངས་ཀྱི་བསམ་འཆར་དང་བྱ་རིམ་སྣང་མེད་དུ་བཞག་པ"ཞིག་ཡིན་ལ། "སཱ་ཏེ"བཀོད་སྒྲིག་གི་དོན་དག་འདི་ནི་ལྷོ་ཁོ་རེ་ཡའི་སྐབས་རྗེས་མའི་སྲིད་གཞུང་དང་གྲོས་མོལ་གསལ་ཐག་ཅིག་བྱེད་པ་མ་ཟད། རྒྱལ་དམངས་གྲོས་འཆམ་གྱི་བྱ་རིམ་བརྒྱུད་རྗེས་ཐག་གཅོད་བྱེད་དགོས་པ་ཞིག་རེད་ཅེས་གསལ་བསྒྲགས་བྱས་པ་རེད།
          སྐྱོན་བརྗོད་གསལ་བསྒྲགས་སུ། ཤིན་ཀྲོའུ་ཡི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚུལ་ཚད་ལེན་ལེགས་གྲུབ་མ་བྱུང་བའི་གནས་ཚུལ་འོག ས་གནས་དེ་གའི་སྡོད་དམངས་ཀྱི་ངོ་རྒོལ་སྣང་མེད་དུ་བཞག་སྟེ་ཨུ་ཚུགས་སྔོན་བཏང་གིས་དམག་ཆས་སྐྱེལ་བ་དེས་རྒྱལ་དམངས་ཀྱི་ཐུན་མོང་ངེས་ཤེས་ལ་རྩིས་བཀུར་བྱས་མེད་པ་མ་ཟད། ད་དུང་གཞི་རྩའི་བྱ་རིམ་དང་ཡང་འགལ་ཡོད་པ་དེས་སྲིད་གཞུང་གསར་པའི་སྲིད་དོན་ཐག་གཅོད་ལ་བསམ་གཞིགས་བྱེད་གནས་རྩ་བ་ནས་བཞག་མི་འདུག་པས། ཤིན་ཏུ་མི་འཚམས་པ་ཞིག་རེད་ཅེས་བརྗོད་འདུག
          དྲང་བདེན་ཏང་གི་ཙུང་ཐུང་འོས་མི་ཧྲེང་ཞང་ཏིང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ནས་ཡི་གེ་སྤེལ་ཏེ"སཱ་ཏེ"སྒྲིག་བཀོད་ཀྱི་བྱ་རིམ་གང་འདྲ་ཞིག་ཏུ་སླེབས་ཀྱང་། སྲིད་གཞུང་སྐབས་གསར་པས་བྱ་རིམ་དེ་ཉིད་ཐོག་མའི་གནས་སུ་བཞག་ནས་ཡང་བསྐྱར་གྲོས་བསྡུར་ཐག་གཅོད་བྱེད་ངེས་ཡིན་པ་དང་། ཕྱོགས་གཅིག་ནས་གློ་བུར་དུ་བཀོད་སྒྲིག་བྱས་པའི་བྱེད་ཐབས་ནི་འབྲས་མེད་ཡིན་ཞེས་བརྗོད་ཡོད་པ་རེད།
         རྒྱལ་དམངས་ཏང་གི་ཙུང་ཐུང་འོས་མི་ཨན་ཀྲི་ཞིའུ་ཡིས་སྨྱན་སྦྱོར་དུ། "སཱ་ཏེ"སྒྲིག་བཀོད་བྱེད་པར་ཁོར་ཡུག་ཚད་ལེན་བྱེད་རིམ་དགོས་ངེས་མ་བྱས་པར་གནད་དོན་ཡོད་པ་ཞིག་རེད་ཅེས་བསྟན་ཞིང་། ཏང་ཁག་གི་དེ་ཉིད་ཀྱི་མགྲིན་ཚབ་པས་དམག་དཔུང་ཕྱོགས་ཀྱིས་ཉིན་དེར་གློ་བུར་དུ་སྒྲིག་བཀོད་བྱས་པ་ནི་འབྲས་མེད་ཡིན་ཞེས་བརྗོད་པ་རེད།
         ལྷོ་ཁོ་རེ་ཡའི་རྒྱལ་སྲུང་པུའུ་ཡིས་ཚེས་26ཉིན། "སཱ་ཏེ"མ་ལག་གི་དམག་ཆས་ཆ་ཤས་ཉིན་དེར་ཤིན་ཀྲོའུ་ཀོར་ཧྥུའུ་སྤོ་ལོ་རྒྱག་སར་སྐྱེལ་ཡོད་ཅེས་བརྗོད་པ་དང་། ལྷོ་ཁོ་རེ་ཡའི་སྨྱན་སྦྱོར་དུ་ལྷོ་ཁོ་རེ་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཉེན་རྟོག་པ་སྟོང་ཕྲག་ལྷག་བཏང་ནས་བགྲོད་ལམ་བཀག་སྡོམ་བྱས་པ་མ་ཟད། ས་གནས་དེ་གའི"སཱ་ཏེ"མ་ལག་སྒྲིག་བཀོད་ལ་ངོ་རྒོལ་བྱེད་མཁན་མི་སྣ་དང་འགལ་བ་བྱུང་བ་རེད་ཅེས་བརྗོད།
         ལྷོ་ཁོ་རེ་ཡའི་རྒྱལ་སྲུང་པུའུ་ཡིས་ལྷོ་ཁོ་རེ་ཡ་དང་ཨ་རི་གཉིས་ཀྱིས་སྔོན་ལ"སཱ་ཏེ"མ་ལག་གི་གཡུལ་འགྱེད་ནུས་པ་ཁ་ཤས་སྒྲིག་བཀོད་བྱ་རྒྱུ་དང་། སྔོན་ལ"སཱ་ཏེ"ཡི་དམག་འཐབ་དངོས་ཀྱི་ནུས་པ་ཡོད་པའི་ཁག་ཐེག་བྱ་རྒྱུ་དེ་ཐག་གཅོད་བྱས་པ་ཡིན་ཞེས་བསྟན། ལྷོ་ཁོ་རེ་ཡའི་དམག་དཔུང་ཕྱོགས་ཀྱིས་འཆར་གཞི་རུ། ད་ལོར། "སཱ་ཏེ"མ་ལག་གི་དམག་འཐབ་ནུས་པ་ཡོད་པ་ཆ་ཚང་སྒྲིག་བཀོད་བྱ་རྒྱུ་ཡིན་པ་དང་། ཁོར་ཡུག་ཚད་ལེན་ཞིབ་དཔྱད་དང་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་འབྲེལ་ཡོད་བྱ་རིམ་རྗེས་སུ་རྒྱུན་ལྡན་ངང་སྤེལ་གྲབས་ཡོད་པ་རེད།
          ལྷོ་ཁོ་རེ་ཡའི་ཕྱི་འབྲེལ་པུའུ་ཡིས་ཟླ་4ཚེས་20ཉིན། ལྷོ་ཁོ་རེ་ཡ་དང་ཨ་རི་གཉིས་ཀྱིས་《ལྷོ་ཁོ་རེ་ཡར་བཅའ་སྡོད་ཨ་རིའི་དམག་དཔུང་གི་གོ་གནས་ཀྱི་ཆོད་ཡིག་》ལ་གཞིགས་ཏེ"སཱ་ཏེ"སྒྲིག་བཀོད་ཀྱི་ས་གནས་བྱ་རིམ་ལེགས་གྲུབ་ཡོང་བར་བྱེད་རྒྱུ་དང་། ལྷོ་ཁོ་རེ་ཡར་བཅའ་སྡོད་ཨ་རིའི་དམག་དཔུང་ལ་ཤིན་ཀྲོའུ་ཀོར་ཧྥུའུ་སྤོ་ལོ་རྒྱག་སར"སཱ་ཏེ"སྒྲིག་བཀོད་བྱེད་པའི་དབང་ཆ་ཐོབ་ཡོད་ལ། ད་ལྟ། ལྷོ་ཁོ་རེ་ཡ་དང་ཨ་རི་གཉིས་ཀྱིས་སྒྲིག་བཀོད་བྱ་ཡུལ་གྱི་ཁོར་ཡུག་ཚད་ལེན་སོགས་ཀྱི་བྱ་རིམ་བསྒྲུབ་མེད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།