འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཡུལ་སྐོར་སྤེལ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་27ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ལྗོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་འཕེལ་རིམ་ཁྲོད་དུ་ལྷ་ས་དང་ལྷོ་ཁ། ཉིང་ཁྲི་གྲོང་ཁྱེར་གསུམ་གྱི་ཡུལ་སྐོར་སྡེ་ཁག་གིས་སྣེ་ཁྲིད་དེ་སྔ་སྲོལ་ལས་བརྒལ་ནས། བོད་ལྗོངས་ཤར་ལྷོའི་སྐོར་ལམ་ས་ཁོངས་ཀྱི་ཡུལ་སྐོར་རྣམ་པ་གསར་པ་གཏོད་གང་ཐུབ་བྱེད་ཀྱི་ཡོད་པ་རེད།
         ཉེ་སྔོན་བོད་ལྗོངས་ཀྱི་ལྷ་ས་དང་ལྷོ་ཁ། ཉིང་ཁྲི་གྲོང་ཁྱེར་གསུམ་གྱིས་མཉམ་དུ་བོད་ལྗོངས་ཤར་ལྷོའི་སྐོར་ལམ་ས་ཁོངས་ཀྱི་ཡུལ་སྐོར་འཐབ་ཇུས་མཉམ་ལས་བྱེད་སྒོ་སྐབས་གསུམ་པ་སྤེལ་ཞིང་། འདི་ཡིས་བོད་ལྗོངས་ཀྱི་ས་ཁོངས་ཡུལ་སྐོར་མཉམ་ལས་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བ་བ་དང་ཕྱོགས་ཡོངས་ནས་འབྲེལ་མཐུད་བྱེད་པའི་དུས་རིམ་གསར་པར་བསྐྱོད་པ་མཚོན་པ་རེད། ཚེས་16ཉིན་ནས་ཚེས་20ཉིན་བར་དུ་བོད་ལྗོངས་ཕྱི་ནང་གི་ཡུལ་སྐོར་ཚོང་པ་ཚོས་དུས་ཡུན་ཉིན་4རིང་གི་བོད་ལྗོངས་ཤར་སྐོར་ལམ་སྔོན་མྱུལ་རྟོག་ཞིབ་བྱས་ཤིང་། ལམ་ཐག་སྤྱི་ལེ་1160ལྷག་བསྐྱོད་པ་དང་། སྔ་གཞུག་ཏུ་མཛེས་ལྗོངས་ཁུལ་10ལ་རྟོག་ཞིབ་བྱས་པ་མ་ཟད། གྲོང་གསེབ་ཀྱི་ཡུལ་སྐོར་གནས་ཡུལ་3ལའང་ཟབ་འཇུག་བྱས་ཏེ་བོད་ལྗོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་དམིགས་བསལ་རིན་ཐང་སྔོག་འདོན་བྱས་པ་རེད།
         ཡུལ་སྐོར་ཚོང་པ་མང་པོ་ཞིག་གིས་ད་ལོར་བོད་ལྗོངས་དབུས་རྒྱུད་ཡུལ་སྐོར་གྱི་ཤར་རྒྱུད་སྐོར་ལམ་གྱི་ཡུལ་སྐོར་ལེགས་ཤིང་ཞིབ་ལ་སྟོབས་ལྡན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། ཤར་རྒྱུད་སྐོར་ལམ་གྱི་ཡུལ་སྐོར་ཐོན་རྫས་ཟབ་སྤེལ་གཏོང་ཆེད། ཉེ་ཆར་ཡུལ་སྐོར་ལས་དོན་ཁང་གིས་བོད་ལྗོངས་དབུས་རྒྱུད་ཀྱི་ཡུལ་སྐོར་སྐོར་ལམ་ཆུང་བའི་ཐོན་རྫས་ཏེ་ལྷ་ས་དང་ལྷོ་ཁར་ཡུལ་སྐོར་ཉིན་གཉིས་དང་ཉིན་གསུམ་བྱ་རྒྱུ་སྟེ། ལམ་བར་དུ་གཟི་བྱིན་བླ་མཚོ་དང་། ཀུན་བདེ་གླིང་རྩྭ་ཐང་། དྭགས་སྒོ་གྲོག་རོང་སོགས་མཛེས་ལྗོངས་ཁུལ་དུ་བསྐྱོད་རྒྱུ་ཡིན་ཞིང་། དེས་མལ་གྲོ་གུང་དཀར་རྫོང་གི་རི་ཐོག་ཤང་དང་། ཟངས་རི་རྫོང་གི་རྫིང་ཕྱི་ཤང་སོགས་ཀྱི་ཞིང་འབྲོག་མང་ཚོགས་ཡོང་འབབ་འཕར་བར་ཕན་པ་རེད་ཅེས་བསྟན་པ་རེད།
        ཡུལ་སྐོར་ལས་དོན་ཁང་གི་འགན་འཁུར་མི་སྣ་ཞིག་གིས་གལ་ཏེ་ཡུལ་སྐོར་ཉིན་7གྱི་འཆར་གཞི་བཀོད་ན། མལ་གྲོལ་གུང་དཀར་གནམ་གྲུ་ཐང་དུ་གནམ་གྲུ་ནས་བབས་རྗེས། ལྷོ་ཁར་བསྐྱོད་དེ་ལམ་བར་དུ་ཡར་ཀླུང་གཙང་པོའི་མཛེས་ལྗོངས་སུ་སྤྲོ་གསེང་ལྟ་སྐོར་བྱས་ཆོག་པ་དང་། ཉིན་གཉིས་པར་གནའ་གྲོང་ཁྲ་འབྲུག་གྲོང་རྡལ་དང་། ཡུམ་བུ་བླ་སྒང་། བསམ་ཡས་དགོན་བཅས་ལ་གནས་མཇལ་ལྟ་སྐོར་བྱས་ཆོག་ཅིང་། ཉིན་གསུམ་པར་རླངས་འཁོར་བསྡད་ནས་དྭགས་སྒོ་གྲོང་རོང་དང་། སྤྲེའུ་འཚོ་གནས་ཁུལ། ལྷ་མོ་བླ་མཚོ་བཅས་ལ་སྤྲོ་གསེང་ལྟ་སྐོར་བྱས་ནས་རྒྱ་ཚ་རྫོང་དུ་ཞག་སྡོད་བྱ་རྒྱུ་དང་། ཉིན་བཞི་པར་ཉིང་ཁྲིའི་གནས་ཡུལ་གྲོག་རོང་དུ་སྤྲོ་གསེང་ལྟ་སྐོར་བྱས་ཆོག་པ་དང་། དེ་ནས་རླངས་འཁོར་བསྡད་ནས་ཉང་ཆུ་གཙང་པོའི་མཛེས་ལྗོངས་ལྟ་སྐོར་དང་བྲག་གསུམ་མཚོ་རུ་སྤྲོ་གསེང་ལྟ་སྐོར་བྱས་རྗེས་ལྷ་ས་རུ་བསྐྱོད་རྒྱུ་རེད། ཉིན་དྲུག་པར་རྩེ་པོ་ཏ་ལ་དང་གཙུག་ལག་ཁང་སོགས་ལ་གནས་མཇལ་ལྟ་སྐོར་བྱས་ཆོག་ཅེས་བརྗོད་པ་རེད། 
        2016ལོར་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2300ལྷག་སྣེ་ལེན་བྱས་ཤིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན14.7%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་330ལས་བརྒལ་ཞིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན17%འཕར་བ་རེད། འཛམ་གླིང་གི་ཡུལ་སྐོར་བྱེད་ས་གལ་ཆེན་ཞིག་ཡིན་པའི་ཆ་ནས་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་དེ་ཉིད་སྤྱི་ཚོགས་ཀྱིས་མ་དངུལ་འཇོག་གྲངས་མང་བ་དང་སྐུལ་ཁྲིད་རང་བཞིན་ཆེ་ཙམ་ལྡན་པའི་ཕྱོགས་བསྡུས་རང་བཞིན་གྱི་ཐོན་ལས་ཤིག་ཏུ་ཡོད་ཅིང་། ཡུལ་སྐོར་ལས་རིགས་ཀྱིས་དཔལ་འབྱོར་ལ་ལེགས་སྐྱེས་ཕུལ་ཚད་30%ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།