འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ས་ཡོམ་གེགས་ཁུལ་སླར་གསོ་བསྐྱར་སྐྲུན་དེ་འདི་ལོ་ཁྱོན་ཡོངས་ནས་ལེགས་གྲུབ་
    ཐུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་27ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2015ལོའི་ཟླ་4ཚེས་25ཉིན་ནེ་པ་ལར་ས་ཡོམ་ཚབས་ཆེན་རིམ་པ་8.1བརྒྱབ་ནས་བོད་རང་སྐྱོང་ལྗོངས་ཀྱི་རྫོང་དང་ཆུས་19ཡི་མང་ཚོགས་ཁྲི་14ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད། གེགས་བར་བྱུང་ནས་ལོ་གཉིས་འཁོར་བའི་མཚམས་སུ་གསར་འགོད་པར་གེགས་ཁུལ་གནས་ཡུལ་གཞིས་རྩེ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་ནས་ཤེས་རྟོགས་བྱུང་གསལ། གེགས་ཁུལ་གྱི་སླར་བཟོ་བསྐྱར་སྐྲུན་ལས་ཀ་སྤྱི་ཡོངས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་མ་ཟད། གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་ས་ཁུལ་ཡིན་པའི་ངོས་ནས། གཞིས་རྩེ་གྲོང་ཁྱེར་གྱི་གེགས་རྗེས་སླར་བཟོ་བསྐྱར་སྐྲུན་ལ་ཁྱོན་མ་རྩ་སྒོར་དུང་ཕྱུར་111ཙམ་བཏང་བ་དང་མིག་སྔའི་བར་རིམ་རྩིས་ལྟར་ན་མ་རྩ་སྒོར་དུང་ཕྱུར་71ལས་བརྒལ་བ་བཏང་ཡོད། དེའི་ཁྲོད་ནས་དམངས་སྤྱོད་ཁང་པ་བསྐྱར་སྐྲུན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སློབ་གསོ་འཕྲོད་བསྟེན། རིག་གནས་ཤུལ་བཞག་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་བསྐྱར་སྐྲུན་ལ་གཙོ་གནད་ཐོག་མ་རྩ་བཏང་ཡོད། གཞན་ཡང་གེགས་ཁུལ་གྱིས་ས་གཤིས་གནོད་འཚེ་འགོག་བཅོས་དང་མཐའ་སྲུང་མེ་གསོད་སོགས་ཀྱི་རྣམ་གྲངས་ལ་མ་རྩ་བཏང་སྟེ་འཛུགས་སྐྲུན་བྱས་ཡོད། ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་མངའ་རིས་སྤུ་ཧྲེང་རྫོང་སོགས་ས་ཁུལ་དུ་ཡང་གེགས་རྗེས་སླར་བཟོ་བསྐྱར་སྐྲུན་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་ཡོད།
         གཞིས་རྩེ་གྲོང་ཁྱེར་དང་དེའི་ཁོངས་གཏོགས་གཉའ་ལམ་རྫོང་དང་། སྐྱིད་གྲོང་རྫོང་། དིང་རི་རྫོང་སོགས་ནས་གསར་འགོད་པས་མཐོང་གསལ། གེགས་ཁུལ་ནས་གནས་སྤོས་བཀོད་སྒྲིག་བྱས་པའི་མང་ཚོགས་གཞི་རྩའི་ཆ་ནས་བཀོད་སྒྲིག་འོས་འཚམ་བྱུང་བ་དང་། སྡོད་ཁང་ཐད་གྲོང་ཚོ་ཧྲིལ་པོ་གནས་སྤོས་འཛུགས་སྐྲུན་ནམ་ཤུལ་དུ་བསྐྱར་སྐྲུན་བྱས་ནས་མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་ལ་འགན་ལེན་བྱས་ཡོད། གེགས་བར་བྱུང་རྗེས་དམངས་སྤྱོད་ཁང་པ་བསྐྱར་སྐྲུན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་སླར་གསོའི་ལས་དོན་ཕུད་གེགས་ཁུལ་གྱིས་ད་དུང་ཡུལ་སྐོར་དང་། མཐའ་མཚམས་ཉོ་ཚོང་། མི་རིགས་རིག་གནས་སོགས་ཁྱད་ལྡན་ཐོན་ལས་གཏོད་རྒྱུར་མཐོང་ཆེན་བྱས་ཏེ་ཐོན་ལས་ལ་བརྟེན་ནས་གེགས་རྗེས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྣེ་ཁྲིད་བྱས་ཡོད།
         གཞིས་རྩེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་པ་སངས་ཀྱིས་ངོ་སྤྲོད་བྱས་དོན། 2017ལོར་གཞིས་རྩེ་གྲོང་ཁྱེར་གྱིས་སླར་གསོ་བསྐྱར་སྐྲུན་གྱི་གཏན་འཇགས་རྒྱུ་ནོར་གྱི་མ་རྩ་དོན་འཁྱོལ་བྱ་རྒྱུ་མ་ཟད། ལོ་མཇུག་ཏུ་སླར་གསོ་བསྐྱར་སྐྲུན་གྱི་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་ཁྱིམ་ཚང་ཚང་མར་སྡོད་ཁང་གསར་པ་ཡོད་པ་དང་། དུད་ཚང་ཚང་མར་ལས་ཞུགས་ཡོད་པ། མི་ཚང་མར་འགན་ལེན་ཡོད་པ། གྲོང་ཚོ་ཚང་མར་འགྱུར་ལྡོག་ཡོད་པ། འཕེལ་རྒྱས་གཏོང་རྒྱུར་ཐབས་ལམ་ཡོད་པ། སྣོད་བཅུད་ལ་ལེགས་བཅོས་ཡོད་པ་བཅས་བསྐྱར་སྐྲུན་གྱི་སྤྱིའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།