འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉི་ཤུ་འཁོར་བར་དྲན་གསོ་ཞུ་བའི་བགྲོ་གླེང་ཚོགས་
    འདུ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་27ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། པེ་ཅིང་སློབ་ཆེན་དབྱིང་ཅེ་སྤེལ་རེས་ལྟེ་གནས་སུ་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉི་ཤུ་འཁོར་བར་དྲན་གསོ་ཞུ་བའི་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་། ཚོགས་ཞུགས་མི་སྣས་རང་ཉིད་ཀྱི་མྱོང་བ་དངོས་དང་ཟུང་འབྲེལ་བྱས་ཏེ་ཤང་ཀང་གི་གཏམ་རྒྱུད་བརྗོད་པ་དང་དོན་དངོས་དང་དཔེ་མཚོན་གྱི་ཐོག་ནས་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་རྗེས་ལག་བསྟར་བྱས་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་སྲིད་ཇུས་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བར་ཕྱིར་མིག་བལྟས་པ་དང་འབྲེལ་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་ཐོག་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་འཐབ་ཇུས་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
          ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་པེ་ཅིང་སློབ་ཆེན་གྱིས་གཙོ་གཉེར་བྱས་པ་དང་པེ་ཅིང་སློབ་ཆེན་ཤང་ཀང་དང་ཨའོ་མོན་ཞིབ་འཇུག་ལྟེ་གནས་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་ཀྲུང་དབྱང་སྲིད་ཇུས་ཚོགས་ཆུང་གིས་གཉེར་འགན་འཁུར་བ་ཞིག་རེད། པེ་ཅིང་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཧའོ་ཕིན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་ནས་ད་བར་པེ་ཅིང་སློབ་ཆེན་གྱིས་ཤང་ཀང་གི་སློབ་གསོའི་ལས་རིགས་དང་། རིག་གཞུང་ལས་རིགས། ཁེ་ལས་ལས་རིགས་སོགས་སྤྱི་ཚོགས་ལས་རིགས་ཁག་དང་མཉམ་ལས་སྤེལ་རེས་ཀྱི་འབྲེལ་བ་ཟབ་མོ་རྒྱུན་འཁྱོངས་བྱས་ཡོད། པེ་ཅིང་སློབ་ཆེན་དང་ཤང་ཀང་ས་ཁུལ་གྱི་མཐོ་སློབ་དབར་གཡུར་ཟའི་གྲུབ་འབྲས་ཐོབ་པའི་མཉམ་ལས་སྤེལ་རེས་ཀྱི་ལམ་སྲོལ་བཙུགས་པ་དང་། ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། ལེགས་ཆ་གསབ་རེས། ཐུན་མོང་གཉིས་ཕན་བཅས་བྱས་པར་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད་ཅེས་གསུངས་པ་རེད།
         ཧའོ་ཕིན་གྱིས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་པེ་ཅིང་སློབ་ཆེན་གྱིས་ཤང་ཀང་གི་སློབ་མ་བསྡུ་འགོ་ཚུགས་ཏེ་ཤང་ཀང་ས་ཁུལ་ལ་ཕྱོགས་པའི་དངོས་གཞིའི་ཚན་ཁག་དང་ཞིབ་འཇུག་སློབ་མ་བསྡུ་མཁན་གྱི་ནང་སའི་སློབ་གླིང་སྔ་ཤོས་གྱུར་ཡོད། ལོ་ངོ་སུམ་ཅུ་ལྷག་ཙམ་རིང་པེ་ཅིང་སློབ་ཆེན་གྱིས་རིམ་རྩིས་བྱས་ན་ཤང་ཀང་གི་སློབ་མ་ཆིག་སྟོང་ཙམ་བསྡུས་ནས་གསོ་སྐྱོང་བྱས་པ་དེ་དག་སློབ་གྲྭ་ཐོན་རྗེས་ནང་སར་ལས་ཀ་བྱེད་པའམ་ཡང་ན་ཤང་ཀང་དུ་ལོག་ནས་ལས་ཀ་བྱེད་ཀྱི་ཡོད་པས། ལས་རིགས་ཁག་གི་སྟོབས་ཤུགས་གལ་ཆེན་དུ་གྱུར་སྟེ་ནང་ས་དང་ཤང་ཀང་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ཡོད། པེ་ཅིང་སློབ་ཆེན་གྱིས་ཤང་ཀང་གི་ལས་རིགས་ཁག་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རླབས་ཆེན་བྱ་གཞག་ཆེད་སེམས་ནུས་ཡོད་རྒུ་བཏོན་ནས་ཤང་ཀང་འཕེལ་རྒྱས་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
          སྐུ་མགྲོན་གྱིས་གསུང་བཤད་གནང་སྐབས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཤང་ཀང་གཞི་རྩའི་བཅའ་ཁྲིམས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་རུང་ཧྲུན་གྱིས་ཅུང་རིང་བའི་ལོ་རྒྱུས་ཀྱི་བར་བརྒལ་ཐོག་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་ལ་ཕྱོགས་སྡོམ་གནང་ཞིང་། ཁོང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ནི་ནང་ས་དང་ཤང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་ཐུན་མོང་གི་འགན་འཁྲི་རེད། དེ་རིང་ནང་ས་དང་ཤང་ཀང་གི་ལས་རིགས་ཁག་གི་མི་སྣ་མཉམ་དུ་འཛོམས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་སྲིད་ཇུས་ཤང་ཀང་དུ་ལག་ལེན་བྱས་པའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་པ་དང་ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་དོན་འཁྱོལ་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པ་མ་ཟད། ཤང་ཀང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་གྲོས་བསྡུར་བྱས་པ་དེ་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཐུན་མོང་ཐོག་འཁུར་བ་ཞིག་དང་འགན་འཁྲི་ཡང་མངོན་ཡོད། ཚང་མའི་ཐུན་མོང་གི་འབད་བརྩོན་འོག“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ངེས་རེད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།