འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས་བོད་རིགས་ས་ཁུལ་གྱི་དམངས་འཚོ་ལེགས་གཏོང་ལ་མུ་མཐུད་མ་དངུལ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་25ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་རིགས་ས་ཁུལ་གྱི་གྲོང་གསེབ་ཀྱི་དབུལ་སྐྱོར་བྱ་ཡུལ་ཁྲི་8.32ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་ཞིང་འབྲོག་དབུལ་པོ་ཁྲི་1.65ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བཀོད་སྒྲིག་བྱས་པ་དང་། དུད་ཚང་དབུལ་པོ་17348ལ་སྡོད་ཁང་གསར་པ་རྒྱག་པ་དང་བོད་རིགས་ས་ཁུལ་གྱི་རྫོང(གྲོང་ཁྱེར)23ལ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་གསར་དཔེ་སྟོན་རྫོང་འཛུགས་སྐྲུན་མུ་མཐུད་ལག་བསྟར་བྱས་ནས་དབུལ་སྐྱོར་གྲོང་གསར་621གི་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་འགྲིག་འཛུགས་སྐྲུན་ལེགས་སྒྲུབ་བྱ་རྒྱུ། ལོ་བཅོ་ལྔ་ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་གཏིང་ཟབ་བྱས་ནས་བོད་རིགས་ས་ཁུལ་གྱི་སློབ་ཞུགས་གོང་གི་ལོ་གསུམ་རིང་གི་ན་འདྲེས་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་72%དང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་གཞོན་ནུ་སློབ་གྲྭར་ཞུགས་ཚད་80%ཟིན་པའི་བརྩོན་ལེན་བྱ་རྒྱུ་ལ་སོགས་འདི་ལོ་སི་ཁྲོན་གྱིས་མ་དངུལ་སྒོར་དུང་ཕྱུར་66.69གཏོང་རྒྱུ་ཡིན་པ་དེ་དག་བོད་རིགས་ས་ཁུལ་གྱི་དམངས་འཚོའི་འདུ་འགོད་དྲུག་ལ་སྤྱོད་རྒྱུ་ཡིན་པ་རེད། དེ་ནི་ཉེ་ཆར་པར་འགྲེམས་བྱས་པའི་《2017ལོའི་བོད་རིགས་ས་ཁུལ་གྱི་དམངས་འཚོའི་འདུ་འགོད་འཆར་གཞིའི་སྤྱིའི་ལས་དོན་ཇུས་གཞི་》དང་དབུལ་སྐྱོར་དཀའ་སེལ་བྱ་སྤྱོད། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཡར་སྐུལ། སློབ་གསོ་འཕེལ་རྒྱས་དང་དར་རྒྱས། སྨན་བཅོས་འཕྲོད་བསྟེན་མཐོར་གཏོང་། རིག་གནས་གོང་འཕེལ་དང་དར་རྒྱས། བོད་རིགས་ས་ཁུལ་གྱི་སྡོད་ཁང་གསར་པ་འཛུགས་སྐྲུན་སོགས་ལག་བསྟར་ཇུས་གཞི་ཁག་དྲུག(གཤམ་ལ“1+6”ཇུས་གཞི་ཞེས་བསྡུ་རྒྱུ་)གི་ནང་ཁ་གསལ་བཏོན་ཡོད་པ་རེད།
         2013ལོ་ནས་བཟུང་། སི་ཁྲོན་ཞིང་ཆེན་གྱིས་ལོ་ལྟར་གོང་གསལ་གྱི་འབྲེལ་ཡོད་ཡིག་ཆ་བཏོན་ནས་བོད་རིགས་ས་ཁུལ་གྱི་དམངས་འཚོའི་འདུ་འགོད་ཁག་6གི་འཆར་གཞི་གཅིག་གྱུར་འཆར་འགོད་ཀྱིས་ལག་བསྟར་བྱས་ཏེ་དབུལ་སྐྱོར་དཀའ་སེལ་དང་། སྤྱི་ཚོགས་འགན་སྲུང་། སློབ་གསོ་འཕེལ་རྒྱས། སྨན་བཅོས་འཕྲོད་བསྟེན། རིག་གནས་གོང་འཕེལ། བོད་རིགས་ས་ཁུལ་གྱི་སྡོད་ཁང་གསར་པ་བཅས་ཁྱབ་ཁོངས་ཆེན་པོ་དྲུག་མཉམ་དུ་སྤེལ་ཡོད་པ་རེད།
         “དམངས་འཚོའི་འདུ་འགོད་ཁག་དྲུག་གི་འཆར་གཞིས་བོད་རིགས་ས་ཁུལ་གྱི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་རང་བཞིན་གྱི་རྣམ་གྲངས་ལ་དམ་འཛིན་བྱ་རྒྱུ་ཡིན་པ་དེའི་ནང་དཀའ་ངལ་ཡོད་པའི་ཞིང་འབྲོག་པའི་སྡོད་ཁང་ཐག་གཅོད་བྱེད་པའི་དོན་དངོས་བྱ་སྤྱོད་ལ་དམ་འཛིན་བྱ་རྒྱུ་ཡིན་ལ། ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་སློབ་གསོའི་ལས་དོན་ལའང་དམ་འཛིན་བྱ་རྒྱུ་ཡིན”དཔལ་འབྱོར་ཆག་པའི་གནོན་ཤུགས་ཆེན་པོའི་གནས་ཚུལ་འོག་ཞིང་ཆེན་དེ་ཡོངས་ཀྱིས་བོད་རིགས་ས་ཁུལ་གྱི་དམངས་འཚོའི་འདུ་འགོད་ཁག་དྲུག་གི་འཆར་གཞི་ལག་བསྟར་བྱེད་པའི་ཆོད་སེམས་ལ་འགྱུར་བ་མི་གཏོང་རྒྱུ་དང་ལས་དོན་སྤེལ་ཤུགས་ཀྱང་ཆུང་དུ་གཏོང་རྒྱུ་མིན། 2013ལོར་མ་དངུལ་སྒོར་དུང་ཕྱུར་54.1དང་། 2014ལོར་མ་དངུལ་སྒོར་དུང་ཕྱུར་61.7 2015ལོར་མ་དངུལ་སྒོར་དུང་ཕྱུར་57.7 2016ལོར་མ་དངུལ་སྒོར་དུང་ཕྱུར་67.9བཅས་བཏང་བ་དང་། འདི་ལོ་མ་དངུལ་སྒོར་དུང་ཕྱུར་66.69གཏོང་རྩིས་ཡོད་ཅེས་ཞིང་ཨུད་བོད་རིགས་ས་ཁུལ་གཞུང་ལས་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་བོད་རིགས་ས་ཁུལ་གྱི་དམངས་འཚོའི་འདུ་འགོད་ཁག་དྲུག་གི་འཆར་གཞིའི་གཙོ་གནད་མ་དངུལ་ཡོང་ཁུངས་ནི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཡིན་པ་དང་། གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་གནས་ཀྱི་ལེ་ལག་ཚང་འགྲིག་གི་མ་དངུལ་དེ་དག་ཞིང་ཆེན་གྱིས་གཅིག་གྱུར་འཆར་འགོད་ཀྱིས་ཐག་གཅོད་བྱ་རྒྱུ་ཡིན་པས་ཀྲོའུ་དང་རྫོང་གི་ལེ་ལག་ཚང་འགྲིག་གི་མ་དངུལ་ནས་གཏོང་དགོས་མེད་པ་རེད། ཀྲོའུ་དང་རྫོང་གིས་མི་ཐོག་ལ་སྤྲད་པའི་སྲིད་ཇུས་ཀྱི་ཁ་གསབ་མ་དངུལ་དེ་དག་ལོ་འགོར་ཞིང་ཆེན་ནོར་སྲིད་ཀྱི་གཏོང་སྤྲོད་སྤོ་སྒྱུར་བྱེད་པའི་ཁྲོད་བསམ་གཞིག་གང་ལེགས་བྱས་པས་ཁྱོན་སྒོར་དུང་ཕྱུར་0.89དང་1.3%ལས་བཟུང་མེད་ཅིང་། ཀྲོའུ་དང་རྫོང་གི་མ་དངུལ་གཏོང་བའི་བསྡུར་ཚད་དེ་ལོ་གོང་མ་ལས་ཆག་རྒྱུ་ཡིན་པ་རེད།
         འདི་ལོ་བོད་རིགས་ས་ཁུལ་གྱི་དམངས་འཚོའི་འདུ་འགོད་6གི་འཆར་གཞིས་དབུལ་སྒྲོལ་འགག་སྒྲོལ་གྱི“དོན་ཆེན་ཨང་དང་པོ”སྔར་བས་འབུར་དུ་ཐོན་པ་བྱ་རྒྱུ་ཡིན་ཞིང་། ཞིང་ཨུད་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་དབུལ་སྒྲོལ་གནད་དོན་ཐག་གཅོད་བྱ་རྒྱུ་དེ་བོད་རིགས་ས་ཁུལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ལས་འགན་མངོན་གསལ་དོད་ཤོས་ཀྱི་བླང་བྱ་ལྟར། “1+6”གི་ཇུས་གཞིའི་ནང“ཁག་གཅིག་ལྔའི”དབུལ་སྐྱོར་འགག་སྒྲོལ་བྱ་སྤྱོད་འཆར་གཞི་དང་དབུལ་སྐྱོར་ཆེད་དོན་རྣམ་གྲངས་22ཀྱི་2017ལོའི་ལག་བསྟར་ཇུས་གཞི་སྦྲེལ་མཐུད་དང་དོན་འཁྱོལ་ནན་ཏན་བྱས་ཏེ། ལས་ཞུགས་གསོ་སྦྱོང་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག ལས་རིགས་སློབ་གསོ། སློབ་མར་དམིགས་བསལ་རོགས་སྐྱོར་སོགས་ཀྱི་ཐད་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོར་སྔར་བས་གཟིགས་སྐྱོང་བྱེད་པ་དང་། དུད་ཚང་དབུལ་པོའི་སྐྱ་འགྲིབ་ཕོག་པའི་ནད་པའི་བསྐྱར་མཐོང་གཤགས་བཅོས་རྣམ་གྲངས་དང་རིག་གནས་དམངས་ཕན་དབུལ་སྐྱོར་ཆེད་དོན་རྣམ་གྲངས་བྱ་སྤྱོད་སོགས་ལག་བསྟར་ཤུགས་ཆེན་བྱེད་པ། དུད་ཚང་དབུལ་པོའི་ཉེན་ཆེའི་ཁང་པ་གསར་སྐྲུན་བྱས་ནས་དབུལ་སྐྱོར་གྲོང་གསར་གྱི་ལེ་ལག་ཚང་འགྲིག་གི་སྒྲིག་བཀོད་དེ་དང་ཆབས་ཅིག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།