འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་གསོ་རིག་ཐོན་ལས་ལག་རྩལ་གསར་གཏོད་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་
    ལས་གཞི་མཚོ་སྔོན་ཞིང་ཆེན་དུ་སྐྲུན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན་ཚན་རྩལ་པུའུ་ཡིས་ཆོག་མཆན་གནང་ཞིང་། པེ་ཅིང་དང་། བོད་ལྗོངས། ཀན་སུའུ། མཚོ་སྔོན་བཅས་ས་གནས་བཞི་མཉམ་དུ་འཛུགས་སྐྲུན་བྱེད་པར་ཞུགས་པའི་བོད་ཀྱི་གསོ་རིག་ཐོན་ལས་ལག་རྩལ་གསར་གཏོད་ཞབས་ཞུའི་ལས་སྟེགས་འཛུགས་བསྐྲུན་ལས་གཞི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་སྐྲུན་འགོ་ཚུགས་པ་རེད།
         ཞབས་ཞུའི་ལས་སྟེགས་འདི་ནི་རྒྱལ་ཡོངས་སུ་བོད་ཀྱི་གསོ་རིག་ཐོན་ལས་ལ་ཕྱོགས་པའི་སྤྱི་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན་བཅས་ལྡན་པའི་ཚན་རྩལ་ཞབས་ཞུའི་ལས་སྟེགས་ཐོག་མ་ཡིན་ཞིང་། དེར་རྨང་གཞི་དང་། ལག་རྩལ། ཐུན་མོང་བཅས་ཞབས་ཞུའི་མ་ལག་ཆེན་པོ་གསུམ་འདུས་པའི་འཛུགས་སྐྲུན་ཡིན་པ་དང་། འཛུགས་སྐྲུན་བྱེད་རྒྱ་བསྡོམས་འབོར་སྒོར་དུང་ཕྱུར་1.5ཡིན་ལ། ཐོག་མར་ཐུན་མོང་གི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་འགོ་བརྩམ་རྒྱུ་ཡིན་པ་དང་། དེའི་རྗེས་སུ་ལག་རྩལ་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་དེ་བཞིན་རྨང་གཞིའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་རྗེས་མཐུད་ནས་འཛུགས་སྐྲུན་བྱ་རྒྱུ་རེད།
         ཞབས་ཞུའི་ལས་སྟེགས་འདི་ནི་མཚོ་སྔོན་ཨ་རུའི་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟི་དང་ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གིས་སྣེ་ཁྲིད་བྱས་པ་དང་། བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དང་། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་། ཀན་སུའུ་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་སོགས་ལས་ཁུངས་15ཡིས་མཉམ་དུ་འཛུགས་སྐྲུན་བྱ་རྒྱུ་རེད། ལས་གཞི་འདི་ཡིས་རང་རྒྱལ་གྱི་བོད་ཀྱི་གསོ་རིག་ཐོན་ལས་ཀྱི་ཐུན་མོང་རང་བཞིན་ལྡན་པའི་འགག་རྩའི་ལག་རྩལ་ཐད་ཀྱི་དགོས་མཁོར་དམིགས་ནས་བོད་ཀྱི་གསོ་རིག་གི་ཚན་རྩལ་ཐོན་ཁུངས་སྤུས་ལེགས་སྡེབ་སྒྲིག་ནུས་ལྡན་དང་། ཐོན་ཁུངས་གཅིག་གྱུར་འཆར་འགོད་ཀྱིས་སྡེབ་སྒྲིག་འཕར་བར་བྱས་ཏེ་བོད་ཀྱི་གསོ་རིག་འཕེལ་རྒྱས་ཡུན་རིང་འགྲོ་བ་དང་འགག་གནད་སྒྲོལ་བར་སྟོབས་དང་ལྡན་པའི་ཚན་རྩལ་གྱི་འདེགས་སྐྱོར་དང་སྣེ་ཁྲིད་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད།
        མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་སུའུ་ཧའེ་ཧུང་གིས་མཚོ་བོད་མཐོ་སྒང་ནི་བོད་ཀྱི་གསོ་རིག་གི་འབྱུང་ཁུངས་ཡིན་པ་དང་། བོད་ཀྱི་གསོ་རིག་ནི་བོད་ལྗོངས་དང་། ཀན་སུའུ། མཚོ་སྔོན། སི་ཁྲོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་གཙོ་རྟེན་ཐོནལས་ཡིན་ཞིང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྨང་གཞི་གཏིང་ཟབ་པོ་དང་མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཡོད་པ་རེད། ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་འདིས་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་གསོ་རིག་ལས་དོན་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་བོད་ཀྱི་གསོ་རིག་ཐོན་ལས་རང་རྟེན་གྱིས་གསར་གཏོད་དང་རིམ་སྤར་རབས་བརྗེ་བྱ་རྒྱུར་རོགས་སྐྱོར་ཤུགས་ཆེན་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།