འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་སྤྱི་བདེ་ཞིབ་དཔྱོད་ཁྲིམས་ཁང་བཅས་ལ་བརྫུས་པའི་རྒྱལ་སྒྲོལ་གློག་འཕྲིན་དྲ་
    རྒྱའི་ཁ་བསླུས་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་19ཉིན། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱ་ཆེད། ཉེ་ཆར། སྤྱི་བདེ་པུས་ཡུན་ནན་ཞིང་ཆེན་གྱི་སྤྱི་བདེ་ལས་ཁུངས་སྒྲིག་འཛུགས་དང་བཀོད་འདོམས་བྱས་ནས་སྤྱི་བདེ་ཞིབ་དཔྱོད་ཁྲིམས་ཁང་བཅས་ལ་བརྫུས་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་བརྒྱབ་པའི་རྒྱལ་སྒྲོལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པར་ཉེས་གསོག་དོགས་ཅན་30འཛིན་བཟུང་བྱས་པ་དང་། གྱོད་འབྲེལ་དངུལ་སྒོར་ཁྲི་1100ཙམ་བསྡམས་བཅད་བྱས་པ། སྒོར་ཁྲི་100ལྷག་ཙམ་རི་བའི་ཁ་བསླུས་དངོས་པོ་གཞུང་བཞེས་བཏང་ཡོད།
         ན་ནིང་ཟླ་8ཚེས་20ཉིན། ཡུན་ནན་ཞིང་ཆེན་ཐུང་ཧའེ་རྫོང་སྤྱི་བདེ་ལས་ཁུངས་ལ་ཁ་བསླུས་ཚོགས་པས་སྤྱི་བདེ་ཞིབ་དཔྱོད་ཁྲིམས་ཁང་བཅས་ཀྱི་ལས་དོན་མི་སྣར་བརྫུས་ནས་སྒོར་ཁྲི་644ལྷག་ཙམ་ཁ་བསླུས་བརྒྱབ་པའི་སྐོར་གྱི་མང་ཚོགས་ཀྱི་ཐེར་འདོན་གྱོད་གཞི་ཞིག་འབྱོར། ཡུན་ནན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་མགྱོགས་མྱུར་གྱོད་གཞི་བརྟག་དཔྱད་ཚོགས་ཆུང་བཙུགས་པ་དང་གྱོད་འབྲེལ་གྱི་ཁ་པར་ཨང་གྲངས་དང་། མ་དངུལ་གཏོང་ཕྱོགས། གྱོད་འབྲེལ་ཆ་འཕྲིན་གཞན་བཅས་ལ་མྱུལ་ཞིབ་བྱས་པ་དང་འབྲེལ། ཞིང་ཆེན་དང་གྲོང་ཁྱེར་17གྱི་རིགས་གཅིག་པའི་གློག་འཕྲིན་ཁ་བསླུས་གྱོད་གཞི་47དང་གྱོད་འབྲེལ་མ་དངུལ་སྒོར་ཁྲི་1100ཙམ་རྩད་ཆོད་པ་མ་ཟད་ཁ་བསླུས་ནག་ཚང་དེ་ཧིན་རྡུ་ཉི་ཞི་ཡར་ཡོད་པ་ཤེས་རྟོགས་བྱུང་བ་རེད།
         གྱོད་གཞིའི་གནས་ཚུལ་གོང་ཞུ་བྱས་རྗེས། སྤྱི་བདེ་པུས་མགྱོགས་མྱུར་གྱོད་གཞི་བརྟག་དཔྱད་ཚོགས་ཆུང་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་པེ་ཅིང་དང་། ཐེན་ཅིན། ཅང་སུའུ། ཀྲེ་ཅང་། ཀོང་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་13དུ་བསྐྱོད་ནས་གྱོད་གཞི་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ་ཡོད། བརྟག་དཔྱད་དཔང་ལེན་ཞིབ་ཅིང་ཕྲ་བ་བྱས་པ་བརྒྱུད། གྱོད་གཞི་བརྟག་དཔྱད་ཚོགས་ཆུང་གིས་ཉེས་གསོག་ཚོགས་པའི་ཁོངས་མིའི་གནས་ཚུལ་དང་། ཁ་བསླུས་རྒྱག་སྟངས། བྱེད་སྤྱོད་ཀྱི་གནས་ཚུལ་བཅས་གསལ་པོ་ཤེས་པ་མ་ཟད། ཧིན་རྡུ་ཉི་ཞི་ཡར་ཡོད་པའི་ཁ་བསླུས་ནག་ཚང་གི་ཉེས་གསོག་དོགས་ཅན་དབྱིན་ཆེ་གེ་མོ་དང་ཐང་ཆེ་གེ་མོ་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཤེས་པ་རེད།
         ན་ནིང་གི་ལོ་མཇུག་ཏུ་ཉེས་གསོག་གི་དོན་དངོས་དང་དཔང་རྟགས་གསལ་པོ་བྱུང་རྗེས་སྤྱི་བདེ་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། གྱོད་གཞི་བརྟག་དཔྱད་ཚོགས་ཆུང་གིས་འཛིན་བཟུང་གི་བྱ་སྤྱོད་སྤེལ་བ་དང་། དོགས་ཡོད་རྩིས་ཁྲ་བརྒྱ་ཙམ་བསྡམས་བཅད་བྱས་ཤིང་གྱོད་འབྲེལ་མ་དངུལ་སྒོར་ཁྲི་1100ལྷག་ཙམ་ལ་ཞིབ་བཤེར་བསྡམས་བཅད་བྱས་པ་དང་འབྲེལ་འདི་ལོའི་ལོ་འགོར་ཧིན་རྡུ་ཉི་ཞི་ཡ་ནས་རང་རྒྱལ་དུ་འཛུལ་མཁན་དབྱིན་ཆེ་གེ་མོ་དང་ཐང་ཆེ་གེ་མོ་སོགས་ཉེས་གསོག་དོགས་ཅན་གཏེ་པོ་8འཛིན་བཟུང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།