འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གྲོང་ཁྱེར་220ལྷག་ཙམ་དང་རྫོང་དང་ཆུས་1100ལྷག་ཙམ་དུ་མང་
    ཚོགས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 4ཚེས་19ཉིན། ཁྲང་ཧྲ་རུ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་བརྙན་འཕྲིན་གློག་བརྙན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུའུ་ཧྲང་ཀྲི་ཡིས་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་དམངས་ཡོངས་ཀྱི་དཔེ་ཀློག་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་220ལྷག་ཙམ་དང་རྫོང་དང་ཆུས་1100ལྷག་ཙམ་དུ་མང་ཚོགས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་བར་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱབ་སྐྱོར་ཧུར་ཐག་བྱས་པ་དང་རྒྱ་ཁྱབ་ངང་ཞུགས་པས་དམངས་ཡོངས་ཀྱི་དཔེ་ཀློག་ལས་དོན་ལ་མིག་སྔར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་བཤད།
         2017ལོའི་དམངས་ཡོངས་ཀྱི་དཔེ་ཀློག་ལས་དོན་ཚོགས་འདུ་དེ་ཚེས་19ཉིན་ཧུའུ་ནན་ཁྲང་ཧྲ་རུ་འཚོགས་པ་དང་། ཧུའུ་ནན་དང་། ཅང་སུའུ། ཧུའུ་པེ། པེ་ཅིང་། ཀོང་ཏུང་སོགས་ས་གནས་ནས་ཡོང་བའི་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་བརྙན་འཕྲིན་གློག་བརྙན་སྡེ་ཚན་དང་དེ་བཞིན་རིག་གནས་པུའི་སྤྱི་པའི་རིག་གནས་སི་དང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྱིམ་ཚང་དང་བྱིས་པའི་ལས་དོན་པུའུ་ཡི་འབྲེལ་ཡོད་འགན་ཁུར་བས་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་ཚུལ་དང་ཉམས་མྱོང་ངོ་སྤྲོད་བྱས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2016ལོའི་ཟླ་12པར་ལོ་གསུམ་ལྷག་ཙམ་སྤྱད་ནས་བཟོས་པའི་《དམངས་ཡོངས་ཀྱི་དཔེ་ཀློག་གི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཕེལ་རྒྱས་འཆར་འགོད་》དངོས་སུ་ཁྱབ་བསྒྲགས་བྱས་པ་དེ་ནི་རང་རྒྱལ་གྱིས་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་ཚུན་གྱི་འཆར་འགོད་དང་པོ་དེ་ཡིན་པ་དང་། དེའི་ནང་དམངས་ཡོངས་ཀྱི་དཔེ་ཀློག་ལས་དོན་གྱི་མཛུབ་ཁྲིད་དགོངས་པ་དང་། གཞི་རྩའི་རྩ་དོན། དམིགས་ཚད་གཙོ་བོ་བཅས་དང་དེ་བཞིན“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་གཙོ་གནད་ལས་འགན་དང་། བྱེད་ཐབས་གལ་ཆེན། དུས་ཚོད་རེའུ་མིག ལམ་ཐིག་ས་བཀྲ་སོགས་ཁ་གསལ་བཟོས་ཡོད་པ་དང་ཆབས་ཅིག རྒྱལ་ཁབ་རིམ་པའི་དམངས་ཡོངས་ཀྱི་དཔེ་ཀློག་གི་ཁྲིམས་འཛུགས་ལས་དོན་ལའང་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། 《དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་མ་གཏོང་བའི་སྲོལ་ཡིག(བསམ་འཆར་བསྡུ་ལེན་མ་ཟིན་)》དངོས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཕུལ་བ་དང་འདི་ལོའི་ཟླ་3ཚེས་31ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གིས་ཕྱི་ཕྱོགས་སུ་དངོས་སུ་བསམ་འཆར་བསྡུ་ལེན་བྱེད་འགོ་ཚུགས་པ་རེད།
         ཝུའུ་ཧྲང་ཀྲི་ཡིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པོ། ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བ་དང་། དྲིལ་བསྒྲགས་བྱེད་པ། ལག་ལེན་བསྟར་བ་བཅས་ཀྱི་གཙོ་རྐང་མངོན་གསལ་དོད་པོ་ཡོང་བ་དང་བྱེད་སྒོ་གལ་ཆེན་དང་། གཙོ་གནད་ལས་གྲྭ། རྣམ་གྲངས་གལ་ཆེན་བཅས་དམ་འཛིན་བྱ་གཞིར་བྱས་ནས“སྐུལ་འདེད་ཤུགས་ཆེན་གཏོང་བའི་ཐད”འབད་བརྩོན་བྱེད་པ་དང་ཕན་འབྲས་དངོས་ཐོན་པ་བྱས་ཏེ་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་གདལ་གྱི་ཞབས་ཞུའི་མ་ལག་ཧུར་ཐག་བསྐྲུན་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།