འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས“རུལ་སུངས་ཙག་ཙིག”ཟླ་རེར་སྙན་ཞུ་རེའི་ལམ་ལུགས་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་21ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་19ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ནས་ཤེས་རྟོགས་བྱུང་བར། དེ་བས་གནད་སྨིན་དང་སྒུལ་རྣམ་གྱི་སྒོ་ནས“རུལ་སུངས་ཙག་ཙིག”གི་འབྲེལ་ཡོད་གནད་དོན་གྱི་ཁུངས་སྣེ་ཁོང་དུ་ཆུད་པ་བྱ་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་དེ་སྔའི“རུལ་སུངས་ཙག་ཙིག”དུས་ཚིགས་རེར་སྙན་ཞུ་རེའི་ལམ་ལུགས་དེ་ཟླ་རེར་སྙན་ཞུ་རེའི་ལམ་ལུགས་ལ་བཅོས་པ་རེད། བྱེད་སྟངས་དེས་གྲོང་ཁྱེར་དང་ས་ཁུལ་ཁག་གིས“རུལ་སུངས་ཙག་ཙིག”ཞིབ་བཤེར་ཐག་གཅོད་བྱེད་པའི་གནད་དོན་ལ་ཁ་ཕྱོགས་ཡང་དག་བསྟན་པ་དང་ཐབས་བཟང་བཏོད་ཡོད།
         “བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་བཟོས་པའི་དོན་རྐྱེན་གྱི་འགན་བཅོལ་གྲོན་དངུལ་གུན་གསབ་དངུལ་ལྐོག་ཟ་བྱས་པ་དང་ཞིང་འབྲོག་པའི་ངལ་རྩོལ་གླ་ཆ་བཀག་ཉར་འཕྲི་གཅོག་བྱེད་པའི་ལས་བྱེད་པ་དེ་དག་ཇི་ལྟར་བྱས་ནས་ཞིབ་བཤེར་བྱེད་དགོས”ཞེས་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་འབྲེལ་ཡོད་འགན་ཁུར་བས་བཤད། ཉེ་ཆར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་བིའུ་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་དང་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་ལྷག་པས་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་སྟབས་ཞིབ་བཤེར་ཐག་གཅོད་བྱས་པའི་ཆ་འཕྲིན་དེ་གྲོང་མིའི་གླེང་མང་བའི་གླེང་གཞིར་གྱུར་ཡོད། དེ་ནི་བོད་ཀྱིས“རུལ་སུངས་ཙག་ཙིག”བཅོས་སྒྲིག་དང་ཞིབ་བཤེར་ཐག་གཅོད་བྱེད་པའི་དཔེ་མཚོན་ཞིག་རེད།
         “དེ་སྔའི་དུས་ཚིགས་རེར་སྙན་ཞུ་རེའི་ལམ་ལུགས་དུས་ཡུན་རིང་བ་དང་གནས་ཚུལ་རྟོགས་ཚད་དུས་ཐོག་མིན་པའི་གནད་དོན་དེ་ལས‘རུལ་སུངས་ཙག་ཙིག’གི་གནད་དོན་རྒྱ་ཡན་དུ་སོང་ཡོད། འདི་ལོ་ནས་བཟུང་། ང་ཚོས་ཟླ་རེར་ཆེད་དོན་དབྱེ་ཞིབ་ཀྱི་སྙན་ཞུ་བཟོས་ནས་གྲོང་ཁྱེར་དང་ས་ཁུལ་ཁག་གི་གནད་དོན་ཁུངས་སྣེ་དང་ཐག་གཅོད་བྱས་ཚུལ་དེ་བས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་ཐུབ་ལ། མང་ཚོགས་ཀྱིས་གླེང་མང་བ་དང་གནད་སྨིན་དབུལ་སྐྱོར་དང་འབྲེལ་བའི་གནད་དོན་ཁུངས་སྣེར་གཙོ་གནད་ཐོག་ལྟ་སྐུལ་སྒྲུབ་གཉེར་བྱེད་ཐུབ”ཅེས་འགན་ཁུར་བ་དེས་ངོ་སྤྲོད་བྱས། ཟླ་རེའི་དབྱེ་ཞིབ་སྙན་ཞུ་གཞིར་བཟུང་གྲོང་ཁྱེར་དང་ས་ཁུལ་ཁག་གི‘རུལ་སུངས་ཙག་ཙིག’གི་གནད་དོན་གྱི་ཁུངས་སྣེ་ག་ཚོད་ཡོད་པ་དང་། ཐག་གཅོད་ག་ཚོད་བྱས་ཡོད་པ། ཁྱབ་ཁོངས་གང་དུ་ཐོན་པ། འབྲེལ་ཡོད་སྒྲིག་འགལ་མི་སྣར་ཆད་པ་གང་ཕོག་པ་སོགས་ཀྱི་གནས་ཚུལ་བལྟས་པ་ཙམ་གྱིས་ལམ་སེང་རྟོགས་ཐུབ།
         བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ཟླ་བ་དང་པོ་དང་གཉིས་པར་བོད་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ཀྱི་ཁེ་ཕན་ལ་བཙན་གནོད་བྱས་པའི་གནད་དོན་ཁུངས་སྣེ་54བདག་སྤྲོད་བྱས་པ་དང་། གནད་དོན་32ཐག་གཅོད་བྱས་པ། མི་27ལ་ཏང་སྲིད་སྒྲིག་ལམ་གྱི་ཆད་པ་བཅད་པ། མི་5ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།