འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་བྱང་ཁོ་རེ་ཡའི་ཉིང་རྡུལ་འཕུར་མདེལ་གསར་སྤེལ་བྱེད་ཚུལ་ལ་ཀྲུང་གོ་
    ཕྱོགས་ནས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་ཚུལ་བསྟན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་20ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་19ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པ་ལུའུ་ཁང་གིས་འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ། བྱང་ཁོ་རེ་ཡའི་ཉིང་རྡུལ་འཕུར་མདེལ་གསར་སྤེལ་བྱེད་ཚུལ་ལ་ཀྲུང་གོ་ཕྱོགས་ནས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། འགལ་ཟླ་དང་ཡོ་ལང་ཇེ་ཆེར་གཏོང་བའི་གཏམ་སྤྱོད་གང་ཡིན་ལ་མ་བལྟོས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ལུགས་བསྟན་པ་རེད། 
            གསར་འགོད་པ་ཞིག་གིས། ཉེ་ཆར་བྱང་ཁོ་རེ་ཡར་བཅའ་སྡོད་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚབ་པས་གསར་འགོད་པའི་ཚོགས་འདུ་འཚོགས་ཏེ། བྱང་ཁོ་རེ་ཡས་སླར་ཡང་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱེད་གྲབས་ཡོད་ཅིང་། འབྲེལ་ཡོད་འཆར་གཞི་ཡོངས་བསྒྲགས་བྱས་ཟིན་པས། ལག་ལེན་བྱེད་རྩིས་ཡོད་པ་རེད། བྱང་ཁོ་རེ་ཡའི་ཕྱི་བློན་གཞོན་པ་ཧན་ཁྲེང་ལིས་ཀྱང་བྱང་ཁོ་རེ་ཡ་ཡིས་གཟའ་འཁོར་རེ་དང་། ཟླ་བ་རེ། ལོ་རེ་བཞིན་འཕུར་མདེལ་འཕེན་པའི་ཚོད་ལྟ་བྱེད་རྒྱུ་ཡིན་ཞེས་བསྟན་པས། འདིའི་ཐད་ལ་ཀྲུང་གོས་ལན་གང་ཞིག་འདེབས་རྒྱུ་ཡིན་ནམ། བྱུང་མ་ཐག་པའི་དེ་འབྲེལ་གྱི་གསར་འགྱུར་མཁྱེན་བྱུང་ངམ་ཞེས་དྲི་བ་བཏོན་པར། 
            ལུའུ་ཁང་གིས། འབྲེལ་ཡོད་གནས་འཕྲིན་ལ་དོ་སྣང་བྱུང་། ཉེ་དུས་བྱང་ཁོ་རེ་ཡའི་ཉིང་རྡུལ་འཕུར་མདེལ་གསར་སྤེལ་བྱེད་ཚུལ་ལ་ཀྲུང་གོ་ཕྱོགས་ནས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ནས་གླིང་ཕྲན་ཕྱེད་ཁུལ་དུ་ཉིང་རྡུལ་མཚོན་ཆ་མེད་པའི་གནས་སྟངས་དངོས་མཐའ་འཁྱོངས་དང་། གླིང་ཕྲན་ཕྱེད་ཁུལ་གྱི་ཞི་བདེ་སྲུང་སྐྱོང་བྱས་ཏེ། གྲོས་མོལ་བྱེད་ཐབས་ཐོག་ནས་གནད་དོན་ཐག་གཅོད་བྱེད་པའི་ལངས་ཕྱོགས་ནི་སྲ་བརྟན་འགྱུར་མེད་ཡིན་ཞེས་བསྟན་པ་རེད། 
          ལུའུ་ཁང་གིས། "ངས་ནན་བཤད་བྱེད་རྒྱུ་ནི། དེང་སྐབས་གླིང་ཕྲན་ཕྱེད་ཁུལ་གྱི་གནས་བབ་ཛ་དྲག་དང་ཚོར་སྣང་སྐྱེན་པོར་གྱུར་པས། འགལ་ཟླའི་ཛ་དྲག་ཆེ་རུ་གཏོང་བའི་བྱ་སྤྱོད་གང་ཡིན་ལ་མ་བལྟོས་པར་ཀྲུང་གོ་ཕྱོགས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། འབྲེལ་ཡོད་ཕྱོགས་ཚང་མས་གནས་བབ་ཞི་འཇམ་དུ་གཏོང་བའི་ཕྱིར་འབད་དགོས"ཞེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།