འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱི་རྡོ་སེང་གེ་ལམ་དུ་ཆིང་རྒྱལ་རབས་སྐབས་ཀྱི་སེང་གེའི་རི་མོ་ལྡན་པའི་རིག་
    དངོས་ཤིག་རྙེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན་གྱི་ཕྱི་དྲོར། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་རྡོ་སེང་གེ་ལམ་སྒོ་རྟགས་དང་པོའི་མཚམས་ཀྱི་བོད་ལྗོངས་དམག་ཁུལ་ཁང་གི་སྣེ་ལེན་ཁང་གཉིས་པ་རྒྱལ་སྲུང་གསོ་སྦྱོང་རྟེན་གཞི་བསྐྲུན་པའི་ཡུལ་དངོས་སུ། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་སྦྱར་ར་བློ་བཟང་བསྟན་འཛིན་དང་། བོད་ལྗོངས་དམག་ཁུལ་ཁང་གི་དྲག་ཇུས་དཔོན་པོ་གཞོན་པ་ངག་དབང་རྡོ་རྗེ་རྣམ་གཉིས་ཀྱིས་ཨར་ལས་བྱེད་ཡུལ་དུ་སེང་གེའི་རི་མོ་ལྡན་པའི་རིག་དངོས་ཤིག་རྙེད་པར་ཡུལ་དངོས་སུ་རྟོག་ཞིབ་གནང་བ་མ་ཟད། རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཐབས་བཀོད་སྒྲིག་བྱས་པ་རེད།
          ཤེས་རྟོགས་བྱུང་གསལ། རྡོ་སེང་གེ་ལམ་ནི་ཆིང་རྒྱལ་རབས་སྐབས་ཀྲུང་དབྱང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་ཡོན་གྱི་བཞུགས་གནས་ཡིན་ལ། ཡ་མོན་སྒོ་ཁའི་རྡོ་སེང་གེ་ཆ་གཅིག་གར་སོང་ཆ་མེད་དུ་གྱུར་པ་རེད། རྡོ་སེང་གེ་རྙེད་ཡུལ་གྱི་གནས་དང་རྡོ་སེང་གེའི་ཡ་མོན་གྱི་པར་རྙིང་གཉིས་བསྡུར་ན། ད་ལྟ་རྙེད་པའི་རྡོ་སེང་གེ་འདི་ནི་ཡ་མོན་དེ་ཉིད་ཀྱི་ཤུལ་དངོས་ཡིན་པར་འདོད་པ་རེད། ཡུལ་དངོས་ལ་རྟོག་ཞིབ་གཏན་འཁེལ་བྱས་པ་ན། རྡོ་སེང་གེ་དེ་ཉིད་ལ་གས་ཆག་སོགས་ཤོར་མེད་ཅིང་། རི་མོ་ཚང་མ་གསལ་པོར་སྣང་བ། རྡོ་སེང་གེའི་ཐོག་ཏུ་རི་མོ་བརྐོས་ཤུལ་ཡོད་པ་དང་། རྡོ་སེང་གེའི་རིང་ཚད་ལ་ལི་སྨི་169དང་། ཞབས་སྟེགས་ཀྱི་ཞེང་ཚད་ལ་ལི་སྨི་104.7ཡོད་པ་རེད། ད་ལྟ། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གིས་སྔོག་འདོན་བྱས་པའི་རྡོ་སེང་གེར་ཡུལ་དངོས་ཀྱི་རྟོག་ཞིབ་ལས་དོན་སྤེལ་ཚར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།