འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་ཆེན་གྱི་གྲོང་མི་ཨ་ཆེན་པོར་རྒྱལ་ཡོངས་ཀྱི་དང་བླངས་པ་ཡག་ཤོས་ཀྱི་མཚན་སྙན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས་པ་རེད། བདེ་ཆེན་གྱི་གྲོང་མི་ཨ་ཆེན་པོར་2016ལོའི་ལོ་འཁོར་གྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི“བརྒྱ་བྱས་པ་བཞི”ཡི་དང་བླངས་པ་ཡག་ཤོས་ཀྱི་མཚན་སྙན་ཐོབ་པ་རེད།
         ཨ་ཆེན་པོ་ནི་བདེ་ཆེན་རྫོང་ཡུན་ལིང་ཤང་ཆེར་རི་ཐང་གྲོང་ཚོའི་གྲོང་མི་ཡིན་ཞིང་། གནས་མཆོག་ཁ་བ་དཀར་པོའི་མཚན་སྙན་གྲགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་བ་དང་གནས་མཇལ་བ་གྲངས་ལས་འདས་པ་དེ་གར་ཡོང་གི་ཡོད། ཡུལ་དེར་ཡོང་མཁན་མང་དུ་སོང་བ་དང་ཆབས་ཅིག་གད་སྙིགས་ཀྱང་མང་དུ་ཕྱིན་ཡོད། ལམ་ཐག་སྤྱི་ལེ་200ལྷག་ཙམ་ཡོད་པའི་གནས་མཆོག་ཁ་བ་དཀར་པོའི་རི་སྐོར་ལམ་ཐིག་ལ་ཟས་རིགས་དང་འགྱིག་དམ་འཐུང་ཆའི་གད་སྙིགས་དབྱུགས་ས་མེད་པ་དང་གཙང་སེལ་བྱེད་མཁན་མེད་སྟབས་གྲོང་མི་དང་ཡུལ་སྐོར་བས་གད་སྙིགས་གང་བྱུང་དུ་དབྱུགས་ནས་དེ་གར་དྲི་ངན་གྱིས་ཁེངས།
         2005ལོར་ཨ་ཆེན་པོས་གད་སྙིགས་གཙང་ཕྱག་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པའི་བསམ་ཚུལ་གྲོང་མིར་བརྗོད་ནས་ཚང་མའི་མོས་མཐུན་ཐོབ་ཡོད། དུད་ཚང་33ལས་མེད་པའི་ཆེར་རི་ཐང་གི་དུད་ཚང་རེས་མི་གཅིག་བཏང་ནས་གྲོང་ཚོའི་ནང་གི་རྟ་20ལས་མེད་པ་དེ་དག་འཁྲིད་དེ་ཉིན་20ལྷག་ཙམ་རིང་རི་སྐོར་ལམ་ཐིག་ཐོག་གི་གད་སྙིགས་ཆེད་མངགས་གཙང་སེལ་བྱེད་ཀྱི་ཡོད། ཁོང་ཚོས་གྱོན་གོས་དང་ཟ་རིགས་སོགས་སིམ་ཐུབ་པའི་གད་སྙིགས་ས་སྦས་གཏོང་བ་དང་འགྱིག་ཤོག་སོགས་གཅིག་སྡུད་ཐོག་གཙང་སེལ་བྱེད་ཀྱི་ཡོད།
         དེ་ནས་བཟུང་ཨ་ཆེན་པོའི་ཁོར་ཡུག་སྲུང་སྐྱོང་གི་བསམ་ཚུལ་དེ་ཇེ་ཆེར་གྱུར་ནས་ཁོ་པས་ལོ་ལྟར་གྲོང་མི་སྒྲིག་འཛུགས་བྱས་ཏེ་རི་སྐོར་ལམ་ཐིག་གི་གད་སྙིགས་ཆེད་མངགས་གཙང་སེལ་བྱེད་ཀྱི་ཡོད། 2007ལོར་ཁོ་པས་གང་སར་དངུལ་གཡར་ནས་གད་སྙིགས་སྣོད་ཆས་400ཙམ་བསླས་པ་མ་ཟད། ད་དུང་མི་6སྐོང་ནས་ཟླ་ཕྱེད་ལྷག་ཙམ་གྱི་དུས་ཚོད་སྤྱད་དེ་སྨྱུག་བསླས་གད་སྙིགས་སྣོད་ཆས་དེ་དག་བདེ་ཆེན་དང་། བོད་ཀྱི་རྫ་ཡུལ་དང་མཛོ་སྒང་བཅས་ལམ་རྒྱུད་ཀྱི་རི་སྐོར་ལམ་ཐིག་ཐོག་འཇོག་པར་བསྐྱོད་ཡོད། སྨྱུག་བསླས་གད་སྙིགས་སྣོད་ཆས་དེ་དག་ལོ་གཉིས་མ་སོང་བར་བེད་མེད་དུ་གྱུར་རྗེས་ཁོ་པས་གནས་མཆོག་ཁ་བ་དཀར་པོའི་མཛེས་ལྗོངས་དོ་དམ་ཅུས་དང་ཧན་གོའི་གྲོགས་པོ་ཚོའི་རོགས་རམ་འོག་ཏཱ་ལིར་བསྐྱོད་དེ་རླངས་འཁོར་ཆེན་པོའི་འཁོར་ལོ་དང་ལྕགས་སྐུད་འཁོར་ལོ་ལས་གྲུབ་པའི་གད་སྙིགས་སྣོད་ཆས་བཟོ་ཤེས་མཁན་གང་སར་བཙལ་ནས་འཁོར་ལོ་ལས་གྲུབ་པའི་གད་སྙིགས་སྣོད་ཆས་བཟོས་ཏེ་ལམ་བར་དུ་བཞག་པ་རེད། ཁོ་པ་དང་གྲོང་མི་ཚོས་འཁོར་ལོ་ལས་བཟོས་པའི་གད་སྙིགས་སྣོད་ཆས་500དང་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་དྲན་སྐུལ་བརྡ་རྟགས་ཡུན་ནན་ནས་བོད་དུ་སྐྱོད་པའི་ལམ་ཐིག་ཐོག་བཞག་ཡོད། ལོ་10ལྷག་ཙམ་རིང་ཨ་ཆེན་པོ་དང་གྲོང་མི་ཚོས་རི་སྐོར་ལམ་ཐིག་གི་གད་སྙིགས་ཏུན་400ལྷག་ཙམ་འོས་འགན་གཙང་སེལ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།