འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ཉིང་ལྕགས་ལམ་ཀུང་སིས་ལྗང་མདོག་ཨར་སྐྲུན་ལ་བརྟེན་ནས“མཁའ་ལམ”གྱི་སྤུས་
    རྟགས་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྷ་ཉིང་ལྕགས་ལམ་ནི་ཁྲོན་བོད་དང་ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་དེ་ཉིད་མཚོ་བོད་ལྕགས་ལམ་ཕུད་པའི་བོད་ཀྱིས་ཕྱི་ཕྱོགས་སུ་སྐྱེལ་འདྲེན་བྱེད་པའི་བགྲོད་ལམ་གྱི་ལྕགས་ལམ་དུམ་བུ་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད། ལྕགས་ལམ་གྱི་ལམ་ཐག་ཧྲིལ་པོ་གཞི་རྩའི་ཆར་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་གནས་པ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་402ཡོད་པ་རེད།
          དོན་སྙིང་ཆེན་པོ་ལྡན་པའི“མཁའ་ལམ”གསར་པ་དེ་འཛུགས་སྐྲུན་མཁན་གྱིས་སྤུས་ཚད་མཐོ་པོ་འགན་ལེན་བྱེད་པ་དང་དུས་མཚུངས་ལྗང་མདོག་ཁོར་ཡུག་གི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ལག་རྩལ་དང་བཟོ་རྩལ་གསར་པ་སྤྱད་དེ་ས་གཤིས་དང་ཨར་ལས་བརྒྱུད་རིམ་ནང་འཕྲད་པའི་དཀའ་གནད་ཁྱད་བསད་ཀྱིས་ལས་གྲྭར་བྱས་རྗེས་ངོ་མཚར་ཅན་མང་པོ་བཏོད་ཡོད་པ་རེད།
          ལྷ་ཉིང་ལྕགས་ལམ་དུམ་མཚམས་ལྔ་པ་ཡར་ཀླུང་གཙང་པོའི་གྲོག་རོང་ཁུལ་དུ་གནས་པ་དང་། ལས་གྲྭ་གཙོ་བོ་ནི་བསམ་གྲུབ་གླིང་ཕུག་ལམ་དང་། རྫམ་ཟམ་ཆེན་ཡིན་ཞིང་། ལྷ་ཉིང་ལྕགས་ལམ་ལས་ཡུལ་བཀོད་འདོམས་པུའི་བཀོད་འདོམས་པ་ལི་ཡུང་ལེང་གིས་མིག་སྔའི་ཨར་སྐྲུན་གྱི་འཕེལ་རིམ་གཞིར་བཟུང་འདི་ལོའི་ལོ་མཇུག་ཏུ་སླེབས་སྐབས་ལམ་ཐག་ཧྲིལ་པོའི་ལམ་གཞི་སྤྱིར་ན་བསྐྲུན་ཟིན་པ་བྱེད་རྒྱུ་དང་ཟམ་པ་སྐྲུན་ཚད་95%ཡན་ཟིན་པ་བྱེད་རྒྱུ་ཡིན་མོད། འོན་ཀྱང་ཕུག་ལམ་50%ཡན་མ་གཏོགས་ལེགས་གྲུབ་མི་ཐུབ། ཡིན་ནའང་2021ལོར་མེ་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་མ་རེད་ཅེས་ངོ་སྤྲོད་བྱས་བྱུང་།
          བསམ་གྲུབ་གླིང་ཕུག་ལམ་ནས་ཐོན་ཏེ་རྫམ་ཟམ་ཆེན་སྐྲུན་ཡུལ་དུ་འབྱོར་བ་དང་། མཐོ་ཁུལ་དུ་གནས་པའི་ཟམ་པ་སྐྲུན་ཡུལ་གྱི་འོག་ཏུ་འཕྲུལ་འཁོར་གྱི་ལྡིར་སྒྲ་རྫོགས་རྒྱུ་མེད་པ་གྲགས་ཤིང་། ཀྲུང་གོ་ལྕགས་ལམ་གྲུ་ཁ་མཁའ་འགྲུལ་ཅུས་ཚོགས་པ་ཀུང་སིའི་ལྷ་ཉིང་ལྕགས་ལམ་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་ཀྲང་ལི་ཅུན་གྱིས་རྫམ་ཟམ་ཆེན་དེ་ཆུ་གཏིང་རིང་བའི་སྨི་66ཟིན་པའི་ཡར་ཀླུང་གཙང་པོ་སྒྲོལ་བ་དང་། ངོགས་གཉིས་ཀྱི་རི་ལྡེབས་གཟར་ལ་ས་གཤིས་གནོད་འཚེའི་ཉེན་ཁ་ཆེ་བ་དང་ཁོར་ཡུག་ཧ་ཅང་ཞན་པོ་ཡོད་པས་དེ་ནི་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐག་ཧྲིལ་པོའི་ནང་ཨར་སྐྲུན་དཀའ་ཚེགས་ཆེ་ཤོས་ཀྱི་ཟམ་པ་ཞིག་ཡིན་པ་དང་རིང་ཚད་ལ་སྨི་525.1ཡོད། དེའི་ཁྱད་ཆོས་ཆེ་ཤོས་ནི་གནམ་གཤིས་འགྱུར་ལྡོག་ཐེག་ཐུབ་པའི་ངར་ལྕགས་སྤྱད་ཡོད་པ་དང་དེ་ནི་རྒྱལ་ནང་གི་ལྕགས་ལམ་གྱི་ཟམ་པ་བསྐྲུན་པའི་ཐད་སྤྱོད་ཐེངས་དང་པོ་ཡིན་པ་དང་། ཨར་སྐྲུན་དཀའ་ཚེགས་ཆེན་པོ་ཡིན་ནའང་འདྲ་ཡང་ན་ལག་རྩལ་གྱི་དཀའ་ཚེགས་གང་ཞིག་ཡིན་རུང་རྒྱལ་ནང་གི་ལྕགས་ལམ་ཟམ་པ་སྐྲུན་པའི་ཐད་ཅུང་སྔོན་ཐོན་ཞིག་རེད་ཅེས་ངོ་སྤྲོད་བྱས་བྱུང་།
         ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་བྱེད་པར་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་དགོས་པ་མ་ཟད། ད་དུང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་ཡང་བྱས་ཏེ་འཛུགས་སྐྲུན་དང་སྣོད་བཅུད་ཁོར་ཡུག་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བྱེད་དགོས་ཀྱི་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ཉིང་ལྕགས་ལམ་ཧྲིལ་པོར་ཁོར་ཡུག་སྲུང་སྐྱོང་ཐད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་12ལྷག་ཙམ་ཟིན་ཡོད་པ་རེད།
          ཀྲུང་གོ་ལྕགས་ལམ་ཅུས་ལྔ་པའི་ལྷ་ཉིང་བཀོད་འདོམས་པུའི་བཀོད་འདོམས་པ་ཝུན་ཐིང་ཡ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ས་ཁོངས་དེ་ཁུལ་གྱི་སྣོད་བཅུད་ལ་གཏོར་བཤིག་མི་ཕོག་པའི་འགན་ལེན་བྱེད་ཆེད་ང་ཚོས་ལས་ཀ་བྱེད་ཡུལ་ལྕགས་ལམ་འཛུགས་སྐྲུན་བྱེད་ཁོངས་སུ་ཚོད་འཛིན་ནན་པོ་བྱས་ནས་སྔོ་ཁེབས་གང་བྱུང་སྔོག་པ་དང་བེད་མེད་དངོས་པོ་གང་བྱུང་གཡུག་པའི་སྣང་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱས་ཡོད། ཐོན་སྐྱེད་དང་འཚོ་གནས་ཁུལ་གྱི་སྤྱོད་ཆུ་རིམ་གསུམ་དྭངས་སྙིགས་དབྱེ་རྗེས་སླར་ཡང་བཙོག་ཆུ་གཙང་སེལ་ས་ཚིགས་ཀྱིས་གཙང་སེལ་བྱེད་པ་དང་། བཙོག་ཆུ་གཙང་སེལ་ས་ཚིགས་ཀྱིས་གཙང་སེལ་བྱས་རྗེས་གཞི་ནས་ཕྱིར་བཤོ་བ་དང་ཆུ་ཁག་གཅིག་ལས་ཡུལ་དུ་སྟོར་ནས་ཐལ་བ་འཇགས་ཐབས་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་གནས་སྐབས་སྡོད་གནས་ཁག་གིས་བསྐྱར་སྦོལ་ཇུས་གཞི་བཟོས་པ་དང་འབྲེལ་ས་གནས་དེ་གའི་སྲིད་གཞུང་གིས་ཞིབ་མཆན་འགོད་རྒྱུར་སྙན་སེང་ཞུས་ཡོད། ཨར་སྐྲུན་གྱི་སྟབས་བདེའི་ལམ་དང་གནས་སྐབས་བཀོད་སྒྲིག་བྱ་ཡུལ་གྱིས་ས་སྔོག་པའི་བརྒྱུད་རིམ་ནང་སྔོག་པའི་ཕྱི་རིན་གྱི་ས་གཅིག་སྡུད་ཐོག་ཉར་འཇོག་བྱས་ནས་ལས་གྲྭ་བསྐྲུན་ཟིན་རྗེས་སྔོ་ཁེབས་སླར་གསོ་ཡོང་རྒྱུར་སྤྱོད་རྒྱུ་ཡིན་པ་རེད། ཨར་འདམ་གཅིག་སྡུད་ཐོག་ཐོན་སྐྱེད་མཁོ་སྤྲོད་བྱས་ནས་ཚད་གཞི་ཅན་གྱི་དོ་དམ་ཡོང་བར་སྟབས་བདེ་ཡོང་བ་དང་མཁའ་རླུང་ལ་སྦགས་བཙོག་ཕོག་ཉུང་དུ་དང་ཐལ་རྡུལ་ཉུང་དུ་བཏང་ཡོད་པ་རེད། ལས་ཁུལ་གྱི་གནས་སྐབས་སྔོག་པའི་ས་ཆར་དྲ་བ་གཡོག་པ་དང་འབྲེལ་སྔོ་འགྱུར་ཡོང་ཐབས་བྱས་ཏེ་ཐལ་རྡུལ་ལངས་རྒྱུ་སྔོན་འགོག་དང་ས་ཆུ་ཤོར་ཉུང་དུ་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།