འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོའི་ཀླུ་ཆུ་རྫོང་དུ་འབྱོར་འབྲིང་རོལ་དབྱངས་རྩྭ་ཐང་ཀུན་ལ་གྲགས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཀླུ་ཆུ་རྫོང་ཨུད་ཏང་གི་སློབ་གྲྭའི་བོད་ཡིག་དགེ་རྒན་གྱིས་གྲོང་མི་ཚོར་ཏང་གི་དབུལ་སྐྱོར་སྲིད་ཇུས་ཀྱི་དགོངས་དོན་སྒྲོག་སྦྱངས་བྱེད་སྐབས་དཔལ་སྒུར་གྲོང་ཚོའི་ལོ་60ལ་སླེབས་པའི་གྲོང་མི་ཤེས་རབ་ཀྱིས་དགེ་རྒན་ལ་“གང་ཞིག་ལ་འབྱོར་འབྲིང་ཟེར་རམ”ཞེས་དྲི་བ་དེ་བཏོན།
          “འབྱོར་འབྲིང་ནི་འབྲོག་པ་ཚོ་ཁང་པ་ཡག་པོའི་ནང་སྡོད་ཐུབ་པ་དང་། འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པ། གོམས་གཤིས་ཡག་པོ་འཇགས་པ། སྟབས་བདེ་བའི་འཚོ་བ་སྐྱེལ་ཐུབ་པ་སོགས་ལ་ཟེར”ཞེས་དགེ་རྒན་གྱིས་ལན་བཏབ།
          དགེ་རྒན་གྱི་སྐད་ཆ་དེ་དག་ཉན་རྗེས་ཤེས་རབ་ཀྱིས་སྤོབས་པ་ཆེན་པོའི་ངང“ད་ལྟ་ང་ཚོའི་འཚོ་བ་སྤྱིར་ན་དེ་ལྟར་སྐྱེལ་བཞིན་ཡོད”ཅེས་བཤད།
          འབྲོག་པ་ཚོ་ཁང་པ་ཡག་པོའི་ནང་སྡོད་ཐུབ་པ་བྱ་་རྒྱུ་རྒྱུ་ནི་ཀླུ་ཆུ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཉེ་བའི་ལོ་ཤས་རིང་གི་གཙོ་གནད་ལས་དོན་ཡིན་ལ། ཞིང་འབྲོག་མང་ཚོགས་ཀྱི་འདུན་པའང་ཡིན།
          ཉེ་བའི་ལོ་ཤས་རིང་། ཀླུ་ཆུ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྤྱི་འདོམས་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བརྩིས་ནས་སྐྱ་སྤོའི་འབྲོག་པ་གཞིས་ཆགས་འདུ་འགོད་དང་རྒུད་གསབ་ལས་སྤྲོད་ཀྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་ཀྱི་ཚད་ལྟའི་འདུ་འགོད། ཞིང་འབྲོག་པའི་ཉེན་ཡོད་ཁང་པ་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་གཞི་རྟེན་དུ་བྱས་ཏེ་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་བས་འབྲོག་པ་རྣམས“དུས་བཞི་གུར་ནང་སྡོད་པའི”སྐྱས་སྤོས་འཚོ་བ་མཇུག་འགྲིལ་ནས་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་བརྟན་ལ་དྲོ་སྐྱིད་ལྡན་པའི་སོ་ཕག་ཁང་པའི་ནང་སྡོད་རྒྱུ་བྱུང་བ་དང་གཞིས་ཆགས་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། མིག་སྔར་རྫོང་ཡོངས་སུ་ཀ་ཤུལ་གྲོང་ཚོ་སོགས་འབྲོག་པ་གཞིས་ཆགས་བྱ་ཡུལ་24བསྐྲུན་ཡོད། 2015ལོ་ནས་བཟུང་ཀླུ་ཆུ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་1.4ཙམ་བཏང་ནས་རྫོང་ཡོངས་སུ་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་19བསྐྲུན་ཏེ་རྫོང་ཡོངས་ཀྱི་ཞིང་འབྲོག་པ“སྣོད་བཅུད་མི་སྡོད་དང་། སྣོད་བཅུད་དཔལ་འབྱོར། སྣོད་བཅུད་ཁོར་ཡུག སྣོད་བཅུད་རིག་གནས”བཅས་ཀྱི་འཚོ་བ་གསར་པ་སྐྱེལ་བཞིན་ཡོད།
          དེ་དང་ཆབས་ཅིག་ཀླུ་ཆུ་རྫོང་གིས“དབུལ་སྒྲོལ་འགག་སྒྲོལ་བསྐྱར་བཤེར”ལས་དོན་སྤེལ་ནས་དབུལ་སྐྱོར་བྱ་ཡུལ་དང་། དབུལ་སྒྲོལ་མི་འབོར། སྲིད་ཇུས་དོན་འཁྱོལ་བཅས་ལ་ཁྱོན་ཡོངས་ནས་དཔྱད་ཞིབ་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་མི་ལྷག་པ་དང་། དངོས་འབྲེལ་དྲང་འབྲེལ་དབུལ་སྒྲོལ་ཐུབ་པ། རོགས་སྐྱོར་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཡོད། དུད་ཚང་རེ་རེ་བཞིན་ལ་བསྐྱོད་དེ་མང་ཚོགས་དབུལ་པོའི་དཀའ་ངལ་དང་དགོས་མཁོ་གསལ་རྟོགས་བྱས་པ་དང་། དུད་ཚང་རེ་དང་མི་རེ་རེའི་དབར་ལས་ཀའི་རྩིས་ཐོ་བཟོས་པ། ལས་ཡུན་ལྡོག་སྒྲིག་བཅས་བྱས་ཏེ་དབུལ་སྒྲོལ་གྱི་སྟོན་གྲངས་གཞིར་བཟུང་དུད་ཚང་དབུལ་པོར་བལྟོས་བཅས་ཀྱིས་རོགས་སྐྱོར་བྱས་ནས་སྔ་ཙམ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱས་ཡོད། 2016ལོར་དབུལ་སྐྱོར་ཆེད་དོན་མ་དངུལ་དང་རྣམ་གྲངས་མ་དངུལ་སྣ་ཚོགས་སྒོར་ཁྲི་9888བསྡུ་སྒྲིལ་བྱས་པ་དང་རྫོང་ཡོངས་ཀྱི་རོགས་རེས་མ་དངུལ་བསྡོམས་འབོར་སྒོར་ཁྲི་1084ཟིན་པ། ཁག་དང་པོར་ཆེད་དོན་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་ཁྲི་828བཀོད་སྒྲིག་བྱས་ཏེ་རྨང་གཞིའི་འཛུགས་སྐྲུན་དང་། གསོ་ཚགས་ཐོན་ལས། རྩལ་ནུས་གསོ་སྦྱོང་། རོགས་རེས་ཁང་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པས་རྣམ་གྲངས་ལེགས་སྒྲུབ་ཐུབ་ཚད་95%ཡན་ཟིན་ཡོད། གཞན་ཡང་རྫོང་ནོར་སྲིད་ཀྱིས་ཆེད་དོན་མ་དངུལ་སྒོར་ཁྲི་3709བཏང་ནས་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་དང་རོགས་རེས་ཁང་འཛུགས་སྐྲུན་དང་། ངལ་ནུས་ཕྱིར་གཏོང་གི་གསོ་སྦྱོང་། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ནས་རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཁྱོན་ཡོངས་དབུལ་སྒྲོལ་ཆེད་འབད་འབུངས་མདུན་སྐྱོད་བྱེད་བཞིན་ཡོད།
          རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་2016ལོར་ཀླུ་ཆུ་རྫོང་གིས་ཀླུ་ས་གཞུང་ལམ་དང་ཀླུ་བྲོ་གཞུང་ལམ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་2.6བཏང་ནས་གྲོང་གསེབ་དང་འབྲོག་རར་གཞུང་ལམ་ཤར་གཏོང་ཐུབ་ཚད་མཐོ་རུ་བཏང་ཡོད། བོགས་གཏོང་གཞུང་ཁང་1000གི་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པར་བརྟེན་ས་ཁོངས་ནང་གི་འགྲིམ་འགྲུལ་དང་། ཆུ་བེད། སྡོད་ཁང་། སྣོད་བཅུད་ཁོར་ཡུག གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད། ཞིང་འབྲོག་ལས་སྒྲིག་བཀོད་བཅས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད།
          ཀླུ་ཆུ་རྫོང་གིས“གང་ཞིག་ཉམས་ཞན་ཡིན་ཚེ་དེར་ཤུགས་སྣོན་རྒྱག་པའི”དམངས་འཚོའི་ལས་ཀའི་བྱ་ཐབས་ལ་གཞི་ཚུགས་ནས་2016ལོའི་ལོ་སྟོད་དུ་དམངས་འཚོའི་དོན་དངོས་བཅུ་གཏན་འཁེལ་རགས་ཙམ་བྱས་པ་དང་ཤང་དང་གྲོང་རྡལ་གྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་རྣམ་གྲངས་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ཁྱིམ་སྤྱོད་ཆུ་དང་། གློག སོལ་རླངས་བཅས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པའི་རྣམ་གྲངས་2ལག་བསྟར་བྱས་པ་དང་། ས་མཐོའི་རླམ་རྩྭ་ཕོ་སུལ་འགྱིག་ཤོག་དྲོད་ཁང་5བཙུགས་པ་དང་། ནས་ཀྱི་སོན་བཟང་ས་ཞིང་མུའུ་ཁྲི་1.5ཁྱབ་གདལ་བཏང་བ། ཞིང་འབྲོག་པ་མི་ཐེངས་1386ལ་ལག་རྩལ་གསོ་སྦྱོང་བྱས་པ། “ནད་གཞི་གསུམ་ཡོངས་བཤེར”ཁྱོན་ཡོངས་ནས་བྱས་པ། བཙའ་ལོ་སླེབས་པའི་བུད་མེད་1760ལ་སྐྱེ་འཕེལ་བདེ་ཐང་ཞིབ་བཤེར་བྱས་པ་དང་བཟའ་ཚོ་207ལ་མངལ་མ་ཆགས་གོང་གི་ལེགས་བཙའ་ལེགས་གསོའི་བདེ་ཐང་ཞིབ་བཤེར་བྱས་པ། གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི་73སྤྲད་པ་དང་སློབ་ཞུགས་གོང་གི་བྱིས་པར་སློབ་གསོ་འགན་ལེན་དངུལ་སྒོར་ཁྲི་46སྤྲད་པ། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་མཐོ་རིམ་སློབ་འབྲིང་སློབ་མ་དང་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མར་ཁ་གསབ་རོགས་དངུལ་སྒོར་ཁྲི་13སྤྲད་པ་བཅས་དམངས་འཚོའི་རྣམ་གྲངས་དེ་དག་ཕྱོགས་ཡོངས་ནས་ལེགས་གྲུབ་བྱས་པས་རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
          ཀླུ་ཆུ་རྫོང་གི་རྩྭ་ཐང་ཐོག་འབྲོག་པ་ཚོས་སླར་ཡང་ལོ་གསར་པ་བསུས་པ་དང་ཡོང་འབབ་མང་དུ་ཕྱིན་པ་དང་ཆབས་ཅིག ཀ་ཤུལ་གྲོང་ཚོའི་འབྲོག་པ་མི་ཉུང་བ་ཞིག་ལ་རྫོང་གྲོང་དུ་སྡོད་ཁང་ཡོད་པ་དང་ཁག་གཅིག་གིས་ད་དུང་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་ནས་སྡོད་ཁང་ཉོས་ཏེ་ཁོམ་དུས་ནང་ཚང་དེ་གར་སྡོད་པར་འགྲོ་གི་ཡོད། བླ་རི་མགུལ་ཤང་ཐང་སྒོར་གྲོང་ཚོའི་གྲོང་མི་འདི་ལོ་ད་དུང་ལྷ་སར་ལོ་གསར་གཏོང་བར་བསྐྱོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།