འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་གྱི་ཆུ་དམར་ལེབ་ཏུ་འབྲོང་མགོ་གྲངས་400ཙམ་རྩྭ་ཐང་ཐོག་ཅི་དགར་རོལ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། 《ཤིས་ཧའེ་གྲོང་ཁྱེར་ཚགས་པར་》ཐོག་ཡུལ་ཤུལ་དང་མགོ་ལོག་ཏུ་གསའ་ཐོན་པའི་གནས་ཚུལ་སྤེལ་བ་ནས་བཟུང་། མི་རྣམས་ཀྱིས་སླར་ཡང་གསའ་ཞེས་པའི་སྲོག་ཆགས་འདིར་དོ་སྣང་བྱེད་འགོ་ཚུགས་ཡོད། ཉེ་དུས་མི་ཚོས་སླར་ཡང་འབྲོང་པ་མཐོང་ཡོད། ཉེ་ཆར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་རྔམ་རྔམ་བརྗིད་བརྗིད་་ངང་རྒྱུག་པའི་འབྲོང་ཁྱུ་པར་དུ་བླངས་པར་འབྲོང་མགོ་གྲངས་400ལྷག་ཙམ་ཡོད་པ་རེད།
           སྐར་ཆ་30ལས་མེད་པའི་བརྙན་ཐུང་ནང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་ཆུ་དམར་ཤང་གི་ཁ་བས་བཀླུབས་པའི་རི་ཀླུང་ཐོག་གྲང་རླུང་འུར་འུར་དུ་ལྡང་བ་དང་སྦྲགས་འབྲོང་ཁྱུ་ཞིག་རི་རྩེ་ནས་ཐང་དུ་བབས་པ་དང་། རྒྱང་ནས་བལྟས་ཚེ་དཔྱང་ཐག་ནག་པོ་ཞིག་དཔྱངས་པ་དང་ཁྱད་པར་མེད་པར་བརྗིད་རྔམ་ཤིན་ཏུ་ཆེ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ལི་ཡུང་ཕེང་གིས་འབྲོང་དེ་དག་ཆུ་དམར་ལེབ་རྫོང་ཆུ་དམར་ཤང་ཁོངས་སུ་མཐོང་བ་ཞིག་རེད། སྐབས་དེ་དུས་འབྲོང་དེ་དག་འཁྱུག་ཙམ་ཞིག་ལ་མཐོང་རྒྱུ་མེད་པར་གྱུར་བ་ནི་འབྲོང་དེ་དག་གིས་སྐོར་སྲུང་བྱེད་མཁན་ཉེན་རྟོག་པས་མཐོང་ཡོད་ཤས་ཆེ་ཞེས་བཤད། ཡུལ་དེ་གའི་འབྲོག་པས་སྐོར་སྲུང་བྱེད་མཁན་མི་དམངས་ཉེན་རྟོག་པར་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་འདུ་འགོད་ལག་ལེན་བསྟར་ནས་ལོ་བཅུ་སོང་རིང་། དེ་སྔ་མཐོང་དཀོན་པའི་འབྲོང་དང་། རྐྱང་། གཙོད་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སླར་ཡང་མཐོང་རྒྱུ་འདུག་ཅེས་བཤད་པ་རེད། ལི་ཡུང་ཕེང་གིས་རྨ་སྟོད་ཉེ་འགྲམ་དུ་སྐོར་སྲུང་བྱེད་མཁན་ཉེན་རྟོག་པས་རྐྱང་ཁྱུ་དང་ཁྱུ་མཐོང་བ་མ་ཟད་གྲངས་འབོར་ཀྱང་ཆུ་དམར་ལེབ་ཏུ་མཐོང་བའི་འབྲོང་ལས་མང་བ་ཡོད་ཅེས་བཤད་བྱུང་། གསའ་དང་མི་འདྲ་བར་འབྲོང་དང་རྐྱང་རྟག་ཏུ་ཁྱུ་སྒྲིག་ནས་འགྲོ་བ་ནི་ཁོང་ཚོའི་འཚོ་སྡོད་ཀྱི་གོམས་གཤིས་དང་འབྲེལ་བ་ཡོད་པས་རེད།
           ལི་ཡུང་ཕེང་གིས་སྐོར་སྲུང་བྱེད་སྐབས་ཉིན་ལྟར་བདག་ཏུ་མ་བཟུང་བའི་སྲོག་ཆགས་མཐོང་རྒྱུ་ཡོད་པ་དང་ཁ་ཤས་ངོ་རྟགས་མི་ཆོད་པས་དཔྱད་གཞིའི་པར་བལྟས་ཏེ་འདྲ་པོ་ཡོད་མེད་ལྟ་གི་ཡོད་ཅེས་བཤད། མི་དམངས་ཉེན་རྟོག་པ་ས་ཆ་གང་དུ་སླེབས་ནས་དེར་བདག་ཏུ་མ་བཟུང་བའི་སྲོག་ཆགས་མཐོང་ཚེ་ཁོང་ཚོས་རྒྱང་ནས་བལྟས་ཏེ་འགུལ་སྐྱོད་བྱ་ཡུལ་ཟིན་ཐོར་འགོད་པ་ལས་འདྲོག་འགོ་གཏན་ནས་སློང་གི་མེད། མིག་སྔའི་བསྡོམས་རྩིས་གྲངས་གཞིར་བལྟས་ན། སྐོར་སྲུང་མི་དམངས་ཉེན་རྟོག་པས་མཐོང་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་ཉུང་མཐར་ཡང་བཅུ་གྲངས་ཁ་ཤས་ཡོད་པའི་ནང་གསའ་དང་། འབྲོང་། རྐྱང་། ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡོད་པ་རེད།
           འབྲོང་ནི་མཚོ་བོད་ས་མཐོ་ཁོ་ནར་ཡོད་པའི་སྲོག་ཆགས་ཤིག་ཡིན་ཞིང་། མིག་སྔར་མགོ་གྲངས་ཁྲི་གཅིག་ལྷག་ཙམ་ལས་ལྷག་མེད། དེ་རྣམས་མཚོ་བོད་ས་མཐོའི་དབུས་སུ་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་གཟུགས་ཆེ་ཆུང་ནོར་ནག་ལས་ལྡབ་2ནས་3གྱིས་ཆེ་ཞིང་། གསོ་རླུང་ཉུང་བའི་ས་མཐོར་འཚོ་སྡོད་བྱ་རྒྱུར་ཤིན་ཏུ་མཁས། དེ་སྔ་འབྲི་ཆུའི་བྱང་རྒྱུད་ཀྱི་ཆུ་འགོ་ཆུ་དམར་གཙང་འགྲམ་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཧ་ཅང་མང་པོ་ཅི་དགར་རོལ་བ་མཐོང་རྒྱུ་ཡོད་ནའང་འབྲོང་དེ་ཙམ་རིག་རྒྱུ་མེད། ད་ཐེངས་སྐོར་སྲུང་མི་དམངས་ཉེན་རྟོག་པས་མཐོང་བའི་འབྲོང་དེ་དག་ཏག་ཏག་ཆུ་དམར་གཙང་པོ་རྒྱུག་ཁུལ་གྱི་ཉེ་འགྲམ་དུ་ཡིན་པ་དེ་ཐོག་ནས་ཡུལ་དེ་གའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མཚོན་ཐུབ།
      

    ཕྱོགས་བསྡུས་གསར་འགྱུར།