མི་དམངས་དྲ་བ།

༄༅།།སྨན་རྫས་བདེ་འཇགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ལི་ཅན་གོ་ཡིས་ཚེས་11ནས་15ཉིན་བར་ཞིབ་བཤེར་ཚོགས་ཆུང་སྣེ་ཁྲིད་དེ་ཧྲན་ཏུང་དུ་སྨན་རྫས་དོ་དམ་བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་གནང་སྐབས་སྨན་རྫས་བདེ་འཇགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་ཁྲིམས་འཛིན་ནན་པོ་དང་ཁྲིམས་ལས་འགལ་རིགས་རྩད་གཅོད་མཐར་ཕྱིན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཆེད་དུ་སྨན་རྫས་སྤུས་ཚད་ཀྱི་འགག་སྒོ་དང་རིན་གོང་གི་འགག་སྒོ་ནན་པོ་སྲུང་དགོས་ཞེས་ནན་བཤད་གནང་བ་རེད།
           ལི་ཅན་གོ་ཡིས་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་གཙོ་བོར་བཟུང་ནས་བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལྟ་སྐུལ་ལས་དོན་སྤེལ་བའི་ཉམས་མྱོང་གཙོ་བོ་དེ་ཡིན། སྨན་རྫས་དོ་དམ་ཐད་མི་སེར་གྱིས་བསམ་འཆར་མང་པོ་བཏོན་པ་ནི་སྨན་རྫུན་མ་དང་། སྨན་གྱི་སྤུས་ཚད་ཞན་པ། སྨན་རིན་མཐོ་བ་བཅས་ཀྱི་གནད་དོན་ཡིན། གནད་དོན་དེ་གསུམ་ཐག་གཅོད་བྱ་རྒྱུར་སྨན་རྫས་དོ་དམ་བཅའ་ཁྲིམས་ནང་དམིགས་སའི་རང་བཞིན་གྱི་གཏན་འབེབས་ཡོད། ལོ་དེ་དག་ནང་བཅོས་སྒྲིག་མང་པོ་བྱས་ཀྱང་གནས་ཚུལ་ཡང་ཡང་ཐོན་ནས་ད་བར་མཚམས་ཆད་མེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་སྨན་རྫས་ཐོན་སྐྱེད་ཁེ་ལས་དང་བརྒྱུད་འཚོང་ཚན་པས་ཁྲིམས་ཡོད་ཀྱང་བརྩི་སྲུང་མི་ཞུ་བ་དང་། སྲིད་གཞུང་དང་དེའི་སྡེ་ཚན་ཁ་ཤས་ཀྱིས་ཁྲིམས་འཛིན་ནན་པོ་དང་རྩད་གཅོད་མ་བྱས་པའི་དབང་གིས་ཡིན་ཞེས་གསུངས།
           ཁོང་གིས་སྨན་རྫས་དོ་དམ་ཁྱབ་ཁོངས་ནང་གི་གནད་དོན་ཐག་གཅོད་བྱ་རྒྱུའི་རྩ་བ་དེ་སྨན་རྫས་དོ་དམ་ལས་དོན་གྱི་ཁྲིམས་འཛིན་ཅན་ལ་ཐུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཚད་གཞི་ནན་ཤོས་དང་། ལྟ་སྐུལ་དོ་དམ་ནན་ཤོས། ཆད་པ་ནན་ཤོས། འགན་འཁྲི་བདའ་འདེད་ནན་ཤོས”བཅས་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐར་པར་གཏན་ནས་མི་གཏོང་བ་དང་། བྱ་སྤྱོད་མྱུར་པོ་སྤེལ་བ། བྱེད་ཐབས་ནན་པོ་སྤྱོད་པ་བཅས་བྱས་ཏེ་སྨན་རྫས་བདེ་འཇགས་ཀྱི་འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་ཚོར་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་ཞེས་གསུངས་པ་རེད།