འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྩོམ་སྒྲིག་པར་བྲིས་པའི་བརྩེ་དུང་ཞུ་འཕྲིན།

    ཝང་ཅཱ་ཁེས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཨ་རིའི་དཔེ་དེབ་དཔེ་སྐྲུན་ལས་རིགས་ཀྱི་གྲགས་ཅན་རྩོམ་སྒྲིག་པ་པོའོ་ཅིན་སི་ཡིས་ཐོའོ་མཱ་སི·ཨོར་ཧྥུའུ་དང་། ཨོའུ་ནཱ་སི་ཐེ·ཧའེ་མིན་ཝུའེ། སི་ཁོའོ་ཐེ·ཧྥེ་ཚེ་ཅེ་ལཱ་ཏེ་སོགས་ཨ་རིའི་དེང་རབས་རྩོམ་རིག་གི་རྨང་རྡོ་ལྟ་བུའི་རྩོམ་པ་པོ་གྲགས་ཅན་གསོ་སྐྱོང་གནང་། ཚེ་གང་རིང་ཁོང་གིས་རྩོམ་པ་པོ་ཚོའི་ལྟག་རྒྱབ་ཏུ་ཡིབ་ནས་རྩོམ་ཡིག་རྩོམ་སྒྲིག་ལས་ལ་རྩེ་གཅིག་ཏུ་གཞོལ་ཏེ་རྩོམ་རིག་གྲགས་རྩོམ་མང་པོ་འགྲུབ་པར་བྱེད་པ་དང་《སྐྱེས་ཐོབ་ཤེས་རབ་པའི་སྤོ་ལོ་བཟུང་མཁན་》ཞེས་པའི་ནང་པོའི་ཅིན་སའི་དཀའ་སྤྱད་བྲིས་ཡོད་ལ། ཁོང་དང་ཨོར་ཧྥུའུ་དབར་གྱི་སྤྲོ་སེམས་དང་། འགན་འཁྲི། ངོ་ལོག་བཅས་གཅིག་ཏུ་འདྲེས་པའི་བགྲང་བྱ་བཅུའི་མགོ་རྙོག་དང་རྩོད་གཞི་བྲིས་ནས་རྩོམ་ཡིག་ལ་དགའ་བའི་མི་རྣམས་མིག་ཆུ་ཤོར་བ་བྱས།
          གློག་བརྙན་འདི་ནི་རྩོམ་སྒྲིག་པར་བྲིས་པའི་བརྩེ་དུང་ཞུ་འཕྲིན་ཞིག་ཡིན་པ་རེད།
          དཔེ་དེབ་ནི་ལག་ཆ་གལ་ཆེ་ཤོས་དེ་ཡིན་པ་དང་། དེས་ཤེས་བྱའི་བར་མཐོངས་བཀོད་འབྲི་དང་མཛེས་དཔྱད་ཀྱི་གཤིས་རྒྱུད་སྒྲུབ་སྲིད། ཕུལ་བྱུང་གི་དཔེ་དེབ་པར་སྐྲུན་བྱེད་ཐུབ་པ་ནི་རྩོམ་སྒྲིག་པའི་བྱས་རྗེས་དང་ཁ་འབྲལ་ཐབས་མེད། གློག་བརྙན་འགོ་ཚུགས་ཙམ་དུ་བརྩམས་ཆོས་རེ་རེ་བཞིན་པར་དུ་བླངས་པ་སྟེ། ཧྥེ་ཚེ་ཅེ་ལཱ་ཏེའི་《མཛེས་སྡུག་དང་རྨེག་མེད་》དང་《མི་ཡུལ་གྱི་སུམ་རྩེན་གནས་》 “ཇོད་ཧྲིའི་དུས་རབས”ཀྱི་གྲགས་རྩོམ་《ཁྱད་དུ་འཕགས་པའི་ཀེ་ཚེ་པི་》དེ་བཞིན་ཧའེ་མིན་ཝུའེ་ཡི“ཁ་ཕྱོགས་འཛོལ་བའི་མི་རབས”ཀྱི་རྩོམ་ཡིག་《ཉི་མ་སྔར་རྒྱུན་བཞིན་ཤར་》བཅས་སོ།
          རྩོམ་པ་པོས་རང་གི་སྨྱུག་ཁ་ལས་ཐོན་པའི་ཚིག་འབྲུར་ཧ་ཅང་གཅེས་འཛིན་བྱེད་སྲིད་པ་དང་། རྩོམ་སྒྲིག་པའི་འགན་འཁྲི་ནི་ཀློག་པ་པོའི་ཟུར་ཕྱོགས་ནས་རྩོམ་ཡིག་ལ་བཟོ་བཅོས་རྒྱག་རྒྱུ་དེ་རེད། གལ་ཆེའི་དོན་སྙིང་དེའི་ཐད་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་དུ་ཁ་གཏད་དུ་ལངས་སྲིད། གློག་བརྙན་ནང་སྟོན་པ་བཞིན་པོའོ་ཅིན་སི་ཡིས་ཨོར་ཧྥུའུ་ལ་བྲིས་དྲགས་པའི་ཚིག་རྫོབ་དག་བསུབ་དགོས་པའི་རེ་བ་བཏོན་གྱི་ཡོད། ཁོང་གིས་ཨོར་ཧྥུའུ་ཡི་ཡོན་ཚད་ལ་མོས་པ་གནང་གི་ཡོད་མོད། དུས་དང་རྣམ་པ་ཀུན་ཏུ་ཁོང་གི་ང་རྒྱལ་དང་སྤོབས་སེམས་ལ་དྲན་སྐུལ་ཡང་གནང་གི་ཡོད། ཁོང་གཉིས་དབར་ཕ་བུ་དང་དགེ་རྒན་གྲོགས་པོ་ལྟ་བུའི་བརྩེ་དུང་ལྡན་ཡོད་རུང་། མཐར་ཨོར་ཧྥུའུ་ཡི་ཉིན་བཞིན་ཆེ་རུ་འགྲོ་བའི་རང་རློམ་ལས་ཁོང་གཉིས་ཀྱི་འབྲེལ་བ་ཐོར་ཞིག་ཏུ་སོང་། འཆི་ཁར་ཨོར་ཧྥུའུ་ཡིས་པོའོ་ཅིན་སི་ལ་བསམ་ཤེས་ཐུབ་ནས་འཕྲིན་ཡིག་ནང་ཁོང་ལ་ཐུགས་རྗེ་ཆེ་ཞུ་ཚུལ་དང་དགོངས་དག་ཞུ་ཚུལ་བྲིས་ཡོད།
          གཅིག་བྱས་ན་རྒྱུ་རྐྱེན་དེས་རྐྱེན་པས་ཕུལ་བྱུང་གི་རྩོམ་སྒྲིག་པ་ནི་ཁེངས་སྐྱུང་སེམས་ཆུང་དང་གཞན་གྱི་སྐད་ཆ་ཉན་རྒྱུར་ཧ་ཅང་དགའ་པོ་ཡོད་སྲིད། ཁོང་ཚོས་བསམ་ཕྱོགས་གསར་པར་བརྩི་འཇོག་དང་ཤེས་རྟོགས་གསར་པར་དགའ་པོ་བྱས་ནས་རྩོམ་པ་པོའི་འཚར་ལོངས་ལ་གཅེས་སྐྱོང་བྱེད་ཀྱི་ཡོད། རྒྱུན་དུ་རྩོམ་གྱི་མ་ཡིག་ལག་ཏུ་འཁྱེར་བའི་པོའོ་ཅིན་སི་སྐད་ཆ་ཤོད་རྒྱུར་མི་དགའ་བ་དང་ནང་མི་དང་མཉམ་དུ་གུང་གསེང་གཏོང་བའི་དུས་ཚོད་ནང་ཁོང་གིས་ཨོར་ཧྥུའུ་དང་མཉམ་དུ་རྩོམ་གྱི་མ་ཡིག་ཚིག་འབྲུ་རེ་རེ་བཞིན་ལ་བཟོ་བཅོས་རྒྱག་གི་ཡོད། རྩོམ་སྒྲིག་པའི་ངོས་ནས་བརྗོད་ན། དེ་ནི་བདེ་སྐྱིད་ལྡན་ཤོས་ཀྱི་དུས་སྐབས་ཤིག་དང་ཡི་གེ་ནི་དུས་ཚོད་ལ་བརྐོས་བཀྲོལ་རྒྱག་ཆས་ཤིག་རེད།
          དོན་དངོས་ཐོག་སྤྱིར་རྣམ་དཔྱོད་ཅན་གྱི་རྩོམ་སྒྲིག་པ་ནི་རྩོམ་པ་པོ་ཡག་པོ་ཞིག་ཡིན། པོའོ་ཅིན་སིས་དེབ་ལ་མིང་ཡག་པོ་ཞིག་བཏགས་མེད་ཚེ་《ཁྱད་དུ་འཕགས་པའི་ཀེ་ཚེ་པི་》ཞེས་པ་དེ་གར་བཤད་འདི་བཤད་མེད་པའི་《གྲམ་ནུབ་ཀྱི་ཐ་ལི་མ་ལུའོ་》ལྟར་དུ་བསྒྱུར་རྒྱུ་རེད། དེས་ན་ཡི་གེ་དང་དེས་བསྟན་པའི་གོ་དོན་ཕུན་སུམ་ཚོགས་པོ་དང་། གནད་ལ་འཁེལ་བའི་མྱོང་བ་ཟབ་མོ། དེ་བཞིན་ཀློག་པ་པོའི་སེམས་ཁམས་འཁྱེར་ཚུལ་ཁོང་དུ་ཆུད་པ་མངོན་པས་ལོ་ན་རྒས་ཀྱང་བརྩོན་པ་མ་ལྷོད་པར་ཡི་གེ་འབྲི་བའི་མྱོང་བ་མེད་ཚེ་ཞུན་བརྡར་གྱི་ཚད་དེ་ལྟ་བུར་སླེབས་པར་དཀའ།
         ཕུལ་བྱུང་གི་རྩོམ་སྒྲིག་པ་དང་རླབས་ཆེན་གྱི་རྩོམ་པ་པོས་མཉམ་དུ་ལག་གདང་སྦྲེལ་ནས་སྤྱི་ཚོགས་དང་དུས་རབས་ལ་ཤུགས་རྐྱེན་སྤྲོད་པའི་རྩོམ་རིག་གི་སྲོལ་རྒྱུན་བཟང་པོ་བཏོད་ཡོད། རླབས་ཆེན་གྱི་རྩོམ་པ་པོས་དུས་རབས་མདུན་གྲལ་གྱི་སོ་ལྟ་ཁང་དུ་ལངས་ནས་མི་དེ་དང་རྩོམ་རིག་དེར་རྒྱུས་མངའ་མེད་པ་གཅིག་ཀྱང་མེད་པ་དང་། རྒྱབ་ཕྱོགས་སུ་ལས་ཀ་བྱེད་མཁན་རྩོམ་སྒྲིག་པ་ནི་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་མཚན་ཉིད་འཇོག་མཁན་ཡིན། ཁོང་ཚོ་སོ་ལྟ་ཁང་དེའི་རྨང་རྡོ་ལྟ་བུ་ཡིན། པོ་ཅིན་སི་ནི་དེའི་ཁྲོད་ཀྱི་ཕུལ་དུ་བྱུང་བའི་འཐུས་མི་ཞིག་ཡིན་པས་ཁེར་རྐྱང་བ་ཞིག་གཏན་ནས་མིན།
         ཟླ་3ཚེས་20ཉིན་《ཉིའུ་གཡོད་ཀྱི་དཔེ་དེབ་དཔྱད་བརྗོད་》ཀྱི་སྲོལ་གཏོད་པ་པོ་ལུའོ་པོ་ཐེ·ཤིས་འར་ཧྥུའུ་སི་གྲོངས་ཤིང་། 1963ལོར་དུས་དེབ་དེ་གཉེར་བ་ནས་ད་བར་《ཉིའུ་གཡོད་ཀྱི་དཔེ་དེབ་དཔྱད་བརྗོད་》དེ་ཁོང་གི་སྣེ་ཁྲིད་འོག་དབྱིན་སྐད་ཀྱི་འཇིག་རྟེན་ནང་དུས་རབས་ཕྱེད་ཀ་ཙམ་གྱི་དུས་ཡུན་རིང་པོར་རྣམ་དཔྱོད་ལྡན་པའི་ངང་བགྲོ་གླེང་བྱས་པའི་སྲོལ་གསར་ཞིག་བཏོད་ཅིང་། དེའི་ཁྲོད་ཀྱི་རྩོམ་པ་པོ་མི་ཉུང་བར་ནོ་པེར་གྱི་རྩོམ་རིག་བྱ་དགའ་ཐོབ་ཡོད། J·M·ཁུའུ་ཆིས་རྟག་ཏུ་ཉིའུ་གཡོད་ཀྱི་གཞུང་བཙུགས་དཔེ་མཛོད་ཁང་དང་ཤིས་འར་ཧྥུའུ་སིས་སྒྲིག་འཛུགས་བྱས་པའི་འཆད་སྟེགས་ཐོག་འཆད་ཁྲིད་བྱས་པ་དང་། V·S·ནེ་པོ་ཨར་ནི་རྩོམ་པ་པོ་ཐོག་མའི་གྲས་ཡིན། གཞན་ཡང་སེ་ཡ·པོ་ལིན་དང་། སུའོ་འར·པེ་ལོའུ། ཐོ་ཉི·ཀྲུའུ་ཐེ་སོགས་དེང་རབས་རྩོམ་རིག་ལས་རིགས་དང་རིག་གཞུང་ལས་རིགས་ཀྱི་གྲགས་ཅན་མི་སྣ་ཚང་མས་དུས་དེབ་དེའི་ཐོག་རྩོམ་ཡིག་བྲིས་མྱོང་ཡོད། ཝེ་ཐེ་ནམ་གྱི་དམག་འཁྲུག་སྐབས་ཨ་རིའི་རྒྱལ་ནང་གི་དུས་དེབ་ཁང་ཁག་གཅིག་གིས་ཝེ་ཐེ་ནམ་གྱི་དམག་འཁྲུག་སྐོར་རྒྱུན་མཐུད་ནས་གནས་ཚུལ་གཏོང་སྤེལ་བྱས་པའི་ནང་《ཉིའུ་གཡོད་ཀྱི་དཔེ་དེབ་དཔྱད་བརྗོད་》ཀྱི་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་ལངས་ཕྱོགས་མཐའ་འཁྱོངས་བྱས་ནས་དམག་འཁྲུག་གི་གོ་མི་ཆོད་པའི་རང་བཞིན་ཐད་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་ཨ་རིའི་སྤྱི་ཚོགས་ཀྱིས་ཝེ་ཐེ་ནམ་གྱི་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་ལས་འགུལ་གྱི་དུང་བརྡ་བསྒྲགས་ཡོད།
         པོའོ་ཅིན་སིས་ཨ་རིའི་རྩོམ་རིག་གི་རྫོགས་ལྡན་གྱི་དུས་རབས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་དང་ཤིས་འར་ཧྥུའུ་སིས་ལོ་རབས་དྲུག་ཅུའི་སྐབས་ཨ་རིའི་དམག་འཁྲུག་ལ་ངོ་རྒོལ་དང་དབང་ཆ་འདྲ་མཉམ་གྱི་ལས་འགུལ་ལ་ལེགས་སྐྱེས་ཕུལ་བ་དང་འདྲ་བར་རླབས་ཆེན་གྱི་རྩོམ་སྒྲིག་པས་འགྲོ་བ་མིའི་རིགས་ཀྱི་ལས་དབང་ལ་དོ་ཁུར་བྱས་ཡོད། ཁོང་ཚོས་འགན་སེམས་ཟབ་མོ་བཅངས་ནས་དུས་རབས་ལ་ཚོར་བ་རྣོན་པོས་བརྟག་དཔྱད་བྱས་ཏེ་ཚད་གཞི་ཁ་གསལ་བཏོན་ནས་གང་འདོར་དགོས་པ་དང་གང་ལེན་དགོས་པ་བསྟན་ཡོད། ཁོང་ཚོས་ཤེས་བྱ་དང་བསམ་བློ་གཏོང་སྟངས་དོན་དངོས་དང་སྦྱར་ནས་དུས་རབས་ཤིག་གི་རྩོམ་རིག་གི་སྲོལ་རྒྱུན་གཏོད་པའི་ནང་ཞུགས་ཏེ་དུས་རབས་ཀྱི་སྙིང་སྟོབས་ཀྱི་རྣམ་པ་ཞིག་བཏོད་ཡོད།
          ང་ཚོས་འདིར་པོའོ་ཅིན་སི་དང་ཤིས་འར་ཧྥུའུ་སི་འདྲ་བའི་རྩོམ་སྒྲིག་པའི་སྐོར་ལ་གྲོས་བསྡུར་དང་དྲན་གསོ་བྱེད་དགོས་དོན་གང་ཡིན་ཞེ་ན། ཁོང་ཚོར་བསྟོད་ཚིག་འབུལ་བ་དང་མོས་པ་སྐྱེ་ཆེད་ཙམ་མིན་པར་ཁོང་ཚོར་དཔེ་བལྟས་ནས་སྙིང་པོ་བླངས་ཏེ་རང་ངོས་ཀྱི་སྟོབས་ཤུགས་འཕེལ་བའི་ཆེད་དུ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།