འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱི་ན་གཞོན་དབུལ་པོ་སློབ་གྲྭར་སྐྱོད་དཀའ་བ་དང་གཉེན་སྒྲིག་བྱེད་དཀའ་བ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲུའུ་ཁྲའོ་ཡིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “མི་ལ་ལས་ལུས་ཤ་སྐམ་དུ་གཏོང་གི་ཡིན་ཞེས་རྫོགས་མཐའ་མེད་པར་བརྗོད་མོད། འོན་ཀྱང་ངའི་དུས་རྒྱུན་གྱི་འཚོ་བ་ནི་ལུས་ཤ་སྐམ་དུ་གཏོང་བའི་ལུས་སྦྱོང་དང་གཅིག་མཚུངས་ཡིན། དངོས་ནས་མགྱོགས་ཙམ་ལོ་18ལ་སླེབས་ན་བསམ་གྱི་འདུག གལ་ཏེ་ཨར་ཁང་ནང་ལས་ཀ་བྱེད་རྒྱུ་བྱུང་ན་དངུལ་གྱི་ཐད་སེམས་ཁྲལ་མེད། ཨར་ཁང་ནང་ནས་དངུལ་མང་ཙམ་བསགས་ཐུབ་ཚེ་སློབ་ཆེན་འགྲིམ་ཐུབ་ཀྱི་རེད་སྙམ།”ཅེས་ལོ་17ལ་སོན་པའི་རི་པིན་གྱི་ན་ཆུང་མ་ཞའོ་ལིན་གྱིས་དེ་ལྟར་བརྗོད་ཀྱི་འདུག
           ཞའོ་ལིན་གྱི་གནས་ཚུལ་ནི་རི་པིན་གྱི་ན་གཞོན་དབུལ་པོ་མང་པོ་ཞིག་གི་འཚོ་བ་སྐྱེལ་སྟངས་ཤིག་ཡིན་ཞིང་། ཁོང་ཚོས་མཐོ་རིམ་སློབ་གསོ་དང་ལེན་བྱེད་འདོད་མོད། འོན་ཀྱང་སློབ་ཡོན་མཐོ་བ་དང་། ཕ་མས་རོགས་རམ་བྱེད་ཐབས་བྲལ་བ། ལས་ཞུགས་ཀྱི་དུས་བབ་ཞན་དུ་ཕྱིན་པ་བཅས་ལས་ཁོང་ཚོ་ལོ་ན་ཕྲ་བའི་དུས་ནས་སྤྱི་ཚོགས་འཚོ་བའི་ནང་མ་ཞུགས་ཀ་མེད་དུ་གྱུར། མ་གཞི་བྱས་ན་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ཏེ་དེ་བས་དར་ཁྱབ་འགྲོ་ངེས་ཡིན་པའི་མཐོ་རིམ་སློབ་གསོ་དེ་ཁོང་ཚོའི་འགྲུབ་པར་དཀའ་བའི་རྨི་ལམ་ཞིག་ཏུ་གྱུར་ཡོད།
          རི་པིན་རིག་གནས་ཚན་རིག་ཧྲེང་གི་ལོ་འཁོར་གྱི་《སློབ་གྲྭའི་གཞི་རྩའི་བརྟག་དཔྱད་》གཞིར་བཟུང་། 2016ལོ་འཁོར་དུ་རི་པིན་གྱི་སློབ་ཆེན་དུ་ཞུགས་ཚད་(ལོ་བཞིའི་ལམ་ལུགས་ཀྱི་སློབ་ཆེན་དང་དུས་ཐུང་སློབ་ཆེན་སོགས་ཚུད)56.8%ཟིན་ཡོད་པ་རེད། 2008ལོའི་སློབ་ཆེན་དུ་སློབ་ཞུགས་བྱེད་ཚད་ཀྱི་55.3%དང་བསྡུར་ན་མང་དུ་མངོན་གསལ་དོད་པོ་ཕྱིན་མེད་པར་ཧན་གོ་དང་། ཨ་རི། ཧྥིན་ལན། སུའེ་ཏེན་བཅས་ཀྱི་80%ཡན་ལས་ཧ་ཅང་དམའ་བ་ཡོད། དེ་ནི་རི་པིན་གྱིས་ལས་རིགས་མི་སྣར་བརྩི་འཇོག་བྱེད་པ་དང་འབྲེལ་བ་ཡོད་མོད། འོན་ཀྱང་མང་ཆེ་བ་ནི་དཔལ་འབྱོར་གྱི་གནོན་ཤུགས་ལས་བྱུང་བ་ཞིག་རེད།
         རི་པིན་གྱི་ཁྱིམ་ཚང་ཕལ་ཆེ་བར་ཕྲུ་གུ་གཉིས་གསུམ་ཡོད་པ་དང་། ཞའོ་ལིན་གྱི་ཁྱིམ་ཡང་དེ་ལྟར་ཡིན་ཞིང་། ཁོ་མོར་གཅེན་པོ་གཅིག་དང་གཅུང་པོ་གཅིག་ཡོད་པ་དང་། ཨ་མ་ནི་ཁྱིམ་ལས་ཁོ་ན་བྱེད་མཁན་བུད་མེད་ཅིག་ཡིན་པ་དང་། ནང་མི་ཚང་མ་ཕའི་རི་པིན་སྒོར་མོ་ཁྲི་40ལྷག་ཙམ་(ཧ་ལམ་མི་དམངས་ཤོག་སྒོར་ཁྲི་2.5ཟིན་པ)གྱི་ཟླ་རེའི་ཡོང་འབབ་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པས་འཚོ་བ་སྐྱེལ་ཐབས་ཐད་རྩིས་ཞིབ་ཕྲ་རྒྱག་དགོས་ལ་གསོག་དངུལ་ཞེས་པ་དེ་བས་གླེང་ཐབས་བྲལ། ཕྱི་ལོ་སློབ་རིམ་འཕར་གྲབས་ཡོད་པའི་ཞའོ་ལིན་གྱིས་རང་ཉིད་འགྲོ་འདོད་ཆེ་བའི་ཆི་ཕུའུ་སློབ་ཆེན་གྱི་སློབ་ཞུགས་མ་དངུལ་དང་ལོ་དང་པོའི་སློབ་ཡོན་ཁོ་ན་བསྡོམས་ཚེ་ཕའི་ཟླ་བ་གསུམ་བཞིའི་གླ་ཕོགས་གཏོང་དགོས་པས“སློབ་ཆེན་འགྲིམ་རྒྱུའི”སྐད་ཆ་དེ་ཕ་མར་ཤོད་ནུས་ཀྱི་མེད།
         རི་པིན་གྱི་སློབ་ཡོན་དམའ་ཤོས་ཀྱི་གཞུང་བཙུགས་སློབ་ཆེན་གྱི་ལོ་4ཡི་སློབ་ཡོན་དེ་མི་དམངས་ཤོག་སྒོར་ཁྲི་30ཙམ་ཟིན་པ་དང་། སྒེར་བཙུགས་སློབ་ཆེན་ད་དུང་30%ནས་50%བར་མཐོ་བ་ཡོད་སྟབས་སློབ་ཡོན་དེ་བས་མཐོ་བའི་གསོ་རིག་སློབ་ཆེན་དེ་བས་གླེང་ཐབས་བྲལ་ཡོད། དེའི་ཐོག་འཚོ་བའི་གྲོན་དངུལ་བསྣན་ཚེ་ལྟོས་བཅས་གྲོན་ཆུང་བྱེད་མཁན་རི་པིན་གྱི་སློབ་གྲྭ་ཆེ་མོ་བ་ཞིག་གི་ལོ་4ཡི་འགྲོ་གྲོན་དེ་མི་དམངས་ཤོག་སྒོར་ཁྲི་40ནས་50བར་ཟིན་གྱི་ཡོད། ཕྲུ་གུ་མང་པོ་ཡོད་པའི་རི་པིན་གྱི་ཁྱིམ་ཚང་དཀྱུས་མ་ཞིག་གི་ངོས་ནས་བརྗོད་ཚེ་དེ་ནི་ཁུར་པོ་ཧ་ཅང་ལྕི་པོ་ཞིག་རེད།
         ཨ་རི་དང་ཁ་ན་ཏའི་སློབ་ཆེན་གྱི་སློབ་ཡོན་ཡང་དམའ་པོ་མེད་མོད། འོན་ཀྱང་ཁ་གསབ་རོགས་དངུལ་མཐོ་པོ་ཡོད་པ་དང་མིང་སྣ་ཚོགས་ཀྱི“སྤྲོད་པའི་རྣམ་པའི”སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་ཡོད་པ་དེས་སློབ་མ་མང་པོ་ཞིག་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད། ཡིན་ནའང་རི་པིན་ནི་དེ་དང་མི་འདྲ་བ་སྟེ། མི་མང་པོ་ཞིག་གིས་རི་པིན་སློབ་མའི་རོགས་སྐྱོར་སྒྲིག་གཞི་དང་ས་གནས་དང་དམངས་ཁྲོད་ཀྱི་སྤྱི་པའི་ཚོགས་པ་ཁག་གཅིག་ནས་ཐོབ་པའི་སྐྱེད་མེད་དང་སྐྱེད་ཀ་3%ལས་མི་བརྒལ་བའི་སྐྱེད་དམའི་དངུལ་བུན་ལ་བརྟེན་དགོས་ཀྱི་ཡོད། ཆི་ཕུའུ་སློབ་ཆེན་གྱི་དྲ་ཚུགས་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭ་དེར་དངོས་གཞིའི་སློབ་མ་དང་ཞིབ་འཇུག་སློབ་མ་7300ཙམ་ཡོད་པའི་ནང་སློབ་མ་2100ཡིས་སློབ་སྐྱོར་དངུལ་བུན་དེ་རིགས་ལ་བརྟེན་གྱི་ཡོད།
          རི་པིན་སློབ་མའི་རོགས་སྐྱོར་སྒྲིག་གཞིས་མཁོ་འདོན་བྱས་པའི་གྲངས་གཞིར་གཞིགས་ན། 2016ལོར་སློབ་སྐྱོར་དངུལ་བུན་འཇལ་དགོས་པའི་སློབ་མ་ཁྲི་374.1ཡོད་པ་དང་། དེའི་ནང་ཟླ་བ་གསུམ་ཕྱིན་ཀྱང་དངུལ་བུན་མ་འཇལ་བའི་སློབ་མ་ཁྲི་17.3ཟིན་ནས་སློབ་མའི་བསྡོམས་འབོར་གྱི་5%ཟིན་ཡོད་པ་རེད། སློབ་མ་ཁག་གཅིག་གིས་སློབ་སྐྱོར་དངུལ་བུན་འཇལ་ཆེད་སླར་ཡང་གཞན་གྱི་ས་ནས་དངུལ་གཡར་སྟབས་བུ་ལོན་འཇལ་རྒྱུ་དེ་གངས་རིལ་འགྲིལ་བ་ལྟར་ཇེ་ཆེར་འགྲོ་བ་དང་། ད་དུང་སློབ་མ་བུ་མོ་ཁག་གཅིག་གིས་ཐ་ན་ཆགས་སྲེད་བྱ་ཡུལ་དུ་ལས་ཀར་འགྲོ་རྒྱུ་གདམ་ག་བྱེད་ཀྱི་ཡོད། ལོ་སུམ་ཅུ་བཞི་བཅུར་སླེབས་སྐབས་སྔར་བཞིན་མི་ལ་ལས་སློབ་སྐྱོར་དངུལ་བུན་འཇལ་མི་ཐུབ་པས་མ་རྩ་དང་དེའི་ཐོག་སྐྱེད་ཀ་བསྣན་ཚེ་ཁོང་ཚོ་དཀའ་ཚེགས་ཀྱི་གནས་སུ་གྱར་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།