འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་ལ་གཞི་ཁྱོན་ཆེ་བའི་ལྷོ་སྣེའི་མཚོ་ཞབས་ཀྱི་ཚད་གསུམ་ས་དབྱིབས་ཆགས་ཚུལ་གྱི་
    གྲངས་གཞི་ཐོག་མར་རག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 08:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱིའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་ཁྲི་2ཙམ་དང་། གཏིང་རིང་ཤོས་སྨི་3500ལྷག་ཙམ་ཟིན་པ། ཙིག་མཐེབ་མནན་ཙམ་གྱིས་གཏིང་ཟབ་པའི་མཚོ་ཞབས་དང་ཁོད་སྙོམས་པའི་ལྡེབས་ངོས་ཆ་ཚང་མིག་ལམ་དུ་མངོན། ཚེས་14ཉིན་ཚན་ཞིབ་གྲུ་གཟིངས“རྒྱ་མཚོ་ཨང་དྲུག་པས”རྒྱ་མཚོའི་གཏིང་ཟབ་རྒྱུད་ཀྱི་ས་གཤིས་དང་། རྒྱ་མཚོའི་གཏེར་ཐོན་ཐོན་ཁུངས། ལྷོ་སྣེའི་ཚན་རིག་རྟོག་ཞིབ་བཅས་ལེགས་སྒྲུབ་བྱས་ནས་ཀོང་ཀྲོའུ་རུ་ལོག་པ་དང་། རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་ལྷོ་སྣེའི་མཚོ་ཞབས་ཀྱི་ཚད་གསུམ་ས་དབྱིབས་ཆགས་ཚུལ་གྱི་ཞིབ་ཚད་མཐོ་བའི“ས་བཀྲ”ཐོག་མ་དངོས་སུ་བསྟན་པ་དང་། དེ་ནི་རང་རྒྱལ་གྱིས་ལྷོ་སྣེར་གཞི་ཁྱོན་ཆེ་བ་དང་ལངས་གཟུགས་རྣམ་པའི་མཚོ་ཞབས་ཀྱི་ས་གཤིས་བརྟག་ཞིབ་ཚད་ལེན་བྱེད་ཐེངས་དང་པོ་དེའང་རེད།
         དེ་ཉིན་འཚོགས་པའི“རྒྱ་མཚོ་ཨང་དྲུག་པའི”ཚན་ཞིབ་གྲུ་གཟིངས་ཀྱི་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུའི་ཐོག གྲུ་གཟིངས་ཐེངས་གྲངས་དེའི་དབུ་ཞུགས་ཚན་རིག་པ་ཀྲུང་གོ་ས་གཤིས་བརྟག་ཞིབ་ཅུས་ཀོང་ཀྲོའུ་རྒྱ་མཚོའི་ས་གཤིས་བརྟག་ཞིབ་ཅུས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་ཧོ་ཀའོ་ཝུན་གྱིས་ལྷོ་སྣེར་སྐྱོད་རིང“རྒྱ་མཚོ་ཨང་དྲུག་པའི”བཤར་འབེབས་རིང་ཚད་སྤྱི་ལེ་250ལྷག་ཙམ་དང་ཞེང་ཚད་སྤྱི་ལེ་80ཟིན་པ་དང་། གྲངས་གཞི་80Gཙམ་ཐོབ་ཅིང་། མཚོ་ཞབས་ཀྱི་སྲུབ་ཁ་མེད་པའི་ཚད་གསུམ་ལངས་གཟུགས་ཀྱི་ས་བཀྲ་དེ་ལས་རང་རྒྱལ་གྱི་རྗེས་མཐུད་གླིང་སྣེའི་ཚན་རིག་རྟོག་ཞིབ་དང་མཚོ་འགྲུལ་ཐད་དེ་བས་ཡང་དག་དང་ནུས་ལྡན་གྱི་ཆུ་གཏིང་ཟབ་ཚད་དང་མཚོ་ཞབས་ཀྱི་གྲངས་གཞི་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བཤད།
          “རྒྱ་མཚོ་ཨང་དྲུག་པའི”ཚན་ཞིབ་གྲུ་གཟིངས་ཀྱིས་2016ལོའི་ཟླ་12པའི་ཟླ་མཇུག་ཏུ་ལྷོ་སྣེའི་མཚོ་ཁོངས་སུ་ཀྲུང་གོའི་ལྷོ་སྣེ་ཚན་ཞིབ་ལས་འགན་ཐེངས་33པ་ལག་ལེན་བསྟར་འགོ་ཚུགས་པ་དང་། རྒྱལ་ཁབ་རྒྱ་མཚོ་ཅུས་རྒྱ་མཚོ་ཞིབ་འཇུག་ཁང་གཉིས་པའི་སའི་གོ་ལ་བརྟག་ཞིབ་ཚད་ལེན་དང་ཆ་འཕྲིན་ལག་རྩལ་གྱི་རིགས་གཅིག་མཁས་ཅན་དགེ་རྒན་ཆེ་མོ་བ་རིམ་པའི་མཐོ་རིམ་བཟོ་བཀོད་པ་ཏིང་ཝེ་ཧྥུང་གིས། རང་རྒྱལ་གྱིས་དུས་རབས་གོང་མའི་ལོ་རབས་90པའི་དུས་དཀྱིལ་ནས་རླབས་ཀྱི་མྱུར་ཚད་མཐོ་བའི་བརྟག་ཞིབ་ཚད་ལེན་ལག་རྩལ་སྤྱད་ཚུན་སྔ་རྗེས་སུ་རང་རྒྱལ་གྱི་མཚོ་རྒྱུད་དང་། ལྷོ་རྒྱ་མཚོའི་མཚོ་ཁོངས། ཞི་བདེ་རྒྱ་མཚོ། ཧིན་རྡུ་རྒྱ་མཚོ་བཅས་སུ་གྲུབ་འབྲས་ཆེན་པོ་ཐོབ་ནས་རང་རྒྱལ་གྱི་རྒྱ་མཚོའི་འདུ་འགོད་དང་། ས་གཤིས་རྩད་གཅོད་དང་དེ་བཞིན་རྒྱལ་སྤྱིའི་རྒྱ་མཚོའི་གཏེར་ཐོན་གསར་སྤེལ། རྒྱ་མཚོའི་ས་གཤིས་བརྟག་ཞིབ་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་། ལྷོ་སྣེར“མཐིལ་རྟོགས”བྱས་པ་དེས་ཀྱང་གོ་ལ་ཧྲིལ་པོའི་གླེང་སྣེའི་ཚན་ཞིབ་ཞིབ་འཇུག་ལ་ཕུན་སུམ་ཚོགས་པའི་དཔྱད་གཞི་གསར་པ་མཁོ་འདོན་བྱ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།