འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་རྒྱ་གར་དུ་མ་རྩ་འཇོག་པའི་ཚ་རླབས་འཕྱུར་བ།

    རྒྱ་གར་དུ་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། ཡོན་ཅི་རུང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 08:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདས་ཟིན་པའི་ལོ་གཅིག་གཉིས་རིང་ཀྲུང་གོས་རྒྱ་གར་དུ་མ་རྩ་འཇོག་ཚད་མང་དུ་འགྲོ་བཞིན་ཡོད་པ་དང་མ་རྩ་འཇོག་མཁན་ཁེ་ལས་ཀྱི་གྲངས་འབོར་རམ་ཡང་ན་མ་རྩ་འཇོག་པའི་དངུལ་གྲངས་ཚང་མ་མང་དུ་ཕྱིན་ཡོད། རྒྱ་གར་སྲིད་གཞུང་གིས་བཏོན་པའི“རྒྱ་གར་ལན་པར”སོགས་དཔལ་འབྱོར་ལེགས་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པའི་སྐུལ་འདེད་འོག་དང་། ཀྲུང་གོའི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་དང་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཤར་རླུང་ཁྲོད་མི་འབོར་མང་བའི་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གྱི་འཐབ་ཇུས་དེ་བས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།
           རྒྱ་གར་གྱི་ཀུའུ་ཅི་ལ་ཐེ་མངའ་སྡེའི་ཨའེ་ཧ་མའེ་ཏ་པ་ཏེ་གྲོང་ཁྱེར་ནས་རླངས་འཁོར་ལ་བསྡད་དེ་མྱུར་བགྲོད་གཞུང་ལམ་བརྒྱུད་ཤར་ཕྱོགས་སུ་སྤྱི་ལེ་20ཙམ་སྐྱོད་སྐབས་ལམ་འགྲམ་དུ་འཚེར་མས་ཁེངས་པའི་ས་སྟོང་ཞིག་འདུག ཀྲུང་གོའི་ཁེ་ལས་འབྲིང་ཆུང་བཟོ་ལས་གླིང་གསར་སྤེལ་(རྒྱ་གར)ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲང་ཤིའུ་ཀེས་འདི་ག་ཚགས་པར་གྱི་གསར་འགོད་པར་འདི་ནི་འབྱུང་འགྱུར་ཀྲུང་གོའི་ཁེ་ལས་འབྲིང་ཆུང་བཟོ་ལས་གླིང་གནས་ཡུལ་རེད། མིག་སྔར་བཟོ་ལས་གླིང་གི་ཁག་གཉིས་པའི་ས་ཆ་དུས་བཀག་ལྟར་རྩིས་སྤྲད་ཟིན་པ་དང་སྔོན་རྩིས་བྱས་ན་འདི་ལོ་བཟོ་ལས་གླིང་སྐྲུན་འགོ་ཚུགས་རྒྱུ་རེད་ཅེས་ངོ་སྤྲོད་བྱས་བྱུང་།
          བཟོ་ལས་གླིང་ནི་ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱིས་སྣེ་འཁྲིད་པའི“རྒྱུད་གཅིག་ལམ་གཅིག”གི་གཙོ་གནད་རྣམ་གྲངས་ཤིག་ཡིན་པ་དང་། རྣམ་གྲངས་ལག་བསྟར་བྱེད་པོ་ནི་ཁྲེང་ཏུའི་ཁེ་ལས་འབྲིང་བ་དང་ཆུང་བ། ཆེས་ཆུང་གྲས་ཀྱི་མ་འཇོག་དོ་དམ་ཚད་ཡོད་ཀུང་སི་རེད། རྣམ་གྲངས་དེ་2016ལོའི་ཟླ་བ་དྲུག་པར་སྐྲུན་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་དུས་ཐེངས་དང་པོ་2018ལོར་ལས་གཉེར་བྱེད་འགོ་ཚུགས་རྒྱུ་དང་ཁེ་ལས་ཚང་མ་འབྱོར་རྗེས་ལོ་ལྟར་ཨ་སྒོར་དུང་ཕྱུར་50ཡི་ཐོན་རྫས་རིན་ཐང་གཏོད་རྒྱུ་རེད། ཀྲང་ཤིའུ་ཀེས་མིག་སྔར་བཟོ་ལས་གླིང་དུ་ཁེ་ལས་100ལྷག་ཙམ་ཡོད་ཅེས་བཤད་བྱུང་།
          མིག་སྔར་ཀྲུང་གོས་རྒྱ་གར་ལ་གློག་ཤུགས་དང་། ལྕགས་ལམ། ནུས་རྒྱུ་སོགས་བཟོ་སྐྲུན་ལས་རིགས་དང་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་སུ་མ་དངུལ་གཏོང་བའི་རྣམ་པ་ཇེ་ལེགས་སུ་ཕྱིན་ཡོད། 2016ལོའི་ལོ་འགོར་ཏ་ལེན་དབན་ཏ་ཀུང་སིས་རྒྱ་གར་བྱང་རྒྱུད་ཀྱི་ཧ་ལི་ཡ་ན་མངའ་སྡེའི་བཟོ་ལས་ཁུལ་འཛུགས་སྐྲུན་ལ་ཨ་སྒོར་དུང་ཕྱུར་100གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་འཛུགས་སྐྲུན་འཕྲུལ་ཆས་བཟོ་གྲྭ་གསུམ་གཅིག་ལྕི་བའི་བཟོ་ལས་ཀྱིས་སླད་ཕྱིན་ལོ་10ཡི་རིང་རྒྱ་གར་ལ་མ་དངུལ་སྒོར་དུང་ཕྱུར་10གཏོང་རྒྱུའི་ཁྱབ་བསྒྲགས་བྱས། ཀུའུ་ཅི་ལ་ཐེ་མངའ་སྡེའི་པ་ལོ་ཏ་གྲོང་ཁྱེར་དུ་གནས་པའི་ཀྲུང་གོའི་ཐོན་ལས་གླིང་གིས་གཙོ་བོ་གློག་ཤུགས་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་གློག་སྒྱུར་བཟོ་ལས་ནུས་རྒྱུ་(རྒྱ་གར)ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་རྒྱུ་དང་ཚོད་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་10གཏོང་རྒྱུ་ཡིན་པ་རེད།
          “རྒྱ་གར་དང་ཀྲུང་གོས་ཅིན་ནེ་ནས་པན་ཅ་ལོར་དང་། མན་སོར་གྱི་མེ་འཁོར་མྱུར་ཚད་མགྱོགས་སུ་གཏོང་བའི་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཀྲུང་གོའི་ཀུང་སིས་ལྕགས་ལམ་བསྐྲུན་རྗེས་ཅིན་ནེ་ནས་མན་སོར་བར་གྱི་དུས་ཚོད་ཆུ་ཚོད་གཉིས་ནས་གསུམ་བར་ཐུང་དུ་འགྲོ་རྒྱུ་མ་ཟད། ས་གནས་གསུམ་གྱི་མི་སྣ་དང་དངོས་ཟོག་འཁོར་རྒྱུག་ལེགས་སུ་ཆེན་པོ་འགྲོ་རྒྱུ་དང་དཔལ་འབྱོར་བསྡུ་སྒྲིལ་ལ་སྐུལ་འདེད་གཏོང་བར་ཕན་པ་ཐོན་རྒྱུ་རེད་ལ། ས་གནས་དེ་གའི་དཔལ་འབྱོར་འཕར་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་རེད”ཅེས་རྒྱ་གར་ལྕགས་ལམ་ཨུ་ཡོན་ལྷན་ཁང་གི་འཆར་འགོད་ཀྱི་འགན་འཁུར་མཁན་ལག་བསྟར་གཙོ་འགན་དོ་དམ་པ་ས་ཐ་ཁུ་མར་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པར་བརྗོད་བྱུང་། ཁོང་གིས་མ་འོངས་ལོ་ལྔའི་རིང་རྒྱ་གར་གྱིས་ལྕགས་ལམ་ལ་མ་དངུལ་ཨ་སྒོར་དུང་ཕྱུར་600ལྷག་ཙམ་གཏོང་རྒྱུ་ཡིན་པས་ཀྲུང་གོའི་ངོས་ནས་བརྗོད་ན་གོ་སྐབས་ཆེན་པོ་འཕྲད་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
          ཀྲུང་གོའི་དྲ་ཐོག་ཚོང་དོན་གྱིས་ཀྱང་རྒྱ་གར་ལ་བསྡིགས་བཞིན་ཡོད། ཉིན་ཤས་གོང་《དཔལ་འབྱོར་སྐབས་བསྟུན་ཚགས་པར་》ཐོག་ཀྲུང་གོའི་དྲ་ཐོག་ཚོང་དོན་ཆེ་གྲས་ཨ་ལི་པ་པ་ཡིས་རྒྱ་གར་གྱི་དྲ་ཐོག་ཚོང་དོན་ལ་མ་དངུལ་ཨ་སྒོར་དུང་ཕྱུར་གཉིས་མང་དུ་བཏང་ཡོད་ཅེས་བཀོད་ཡོད། ཐང་ཤུན་མ་རྐང་ཚོད་འཛིན་ཀུང་སིས་རྒྱ་གར་ལ་གླེང་མོལ་གཉེར་སྤྱོད་མཉེན་ཆས་མཁོ་འདོན་བྱས་པ་དང་པད་རྡོར་ཀུང་སིས་རྒྱ་གར་དུ་མ་དངུལ་བཏང་ནས་དྲ་ཐོག་ཚོང་དོན་ཐོག་མ་དེ་འཛུགས་རྒྱུའི་གྲོས་བསྡུར་བྱེད་བཞིན་ཡོད། ཨ་རིའི་《ཕུ་ཕུ་སི་》དུས་དེབ་ཀྱི་དྲ་བའི་པར་ངོས་ཐོག་ཉིན་ཤས་གོང་2000ལོ་ནས་2016ལོའི་ཟླ་བ་གསུམ་པ་བར་ཀྲུང་གོའི་དྲ་སྦྲེལ་ཁེ་ལས་ཀྱིས་རྒྱ་གར་གྱི་ལས་གཏོད་ཀུང་སིར་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་13.5བཏང་བ་དང་2016ལོའི་ལོ་མཇུག་ཏུ་སླེབས་སྐབས་ཁྱོན་ཨ་སྒོར་དུང་ཕྱུར་23བཏང་ཡོད་ཅེས་བཀོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།