འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་ཁྱེར་ཆུང་ངུ་ཧྥ་རེ་པའོ།

    ཀུང་ཐེ་དབྱིན་གྱིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་17ཉིན། 08:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཧྥ་རེ་པའོ་ནི་ནགས་ཚལ་ནག་པོའི་ལྷོ་ནུབ་ཕྱོགས་སུ་གནས་པའི་ཐག་ཉེ་བའི་གྲོང་ཁྱེར་ཆུང་ངུ་ཞིག་ཡིན་པ་དང་མི་འབོར་ཁྲི་20ཙམ་ཡོད། མི་རྣམས་ཀྱིས་དེ་ཁུལ་ནི་འཇར་མན་གྱི་ཉི་འོད་ཕོག་ཚད་ཆེ་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཧྥ་རེ་པའོ་གྲོང་ཁྱེར་ནས་བསྐྱོད་ཚེ་ཧ་ཅང་སྟུག་པའི་ནགས་ཚལ་ནག་པོར་སླེབས་ཀྱི་ཡོད། གྲོང་ཁྱེར་དེ་དུས་རབས་12པའི་སྐབས་སུ་གུང་རྗེ་པེར་ཛོལ་པེ་ཙེས་བསྐྲུན་པ་ཞིག་ཡིན་པ་དང་། ཁོང་གིས་དབང་སྒྱུར་བྱེད་སྐབས་ཧྥ་རེ་་པའོ་གྲོང་ཁྱེར་དེ་ཉིད་རང་དབང་ཅུང་ཆེ་བའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད། 1388ལོ་ནས་བཟུང་ཧྥ་རེ་པའོ་གྲོང་ཁྱེར་ཨོ་སི་ཁྲུ་རི་ཡའི་ཧ་ཕུ་སི་པའོ་རྒྱལ་ལྡན་རྒྱལ་རབས་ཀྱི་ཡུན་རིང་དབང་སྒྱུར་ཁྲོད་གྲོང་ཁྱེར་གྱི་རང་དབང་ཆུང་དུ་ཕྱིན་མོད། འོན་ཀྱང་། གྲོང་ཁྱེར་གྱི་འཆར་འགོད་ལ་ཤུགས་སྣོན་ཐེབས་ནས་གྲོང་ཁྱེར་ཆུང་ངུ་དེར་མཛེས་ཉམས་ལྡན་པའི་རྣམ་པ་ཞིག་ཐོན་ཡོད། 1770ལོའི་ཟླ་5པར་ཨོ་སི་ཁྲུ་རི་ཡའི་སྲས་མོ་མཱ་ལི་དང་ཧྥ་རན་སེའི་རྒྱལ་པོ་ལུ་དབྱི་གདུང་རབས་16གཉེན་སྒྲིག་བྱེད་སྐབས་ཧྥ་རེ་པའོ་གྲོང་ཁྱེར་ནས་ཧྥ་རན་སེར་བསྐྱོད་པ་དང་དུས་མཚུངས་གྲོང་ཁྱེར་ཆུང་ངུ་དེ་ཧྥ་རན་སེའི་སི་ཐ་ལ་སི་པའོ་གྲོང་ཁྱེར་གྱི་ཁོངས་སུ་བཅུག་པ་རེད། 1991ལོར་གཞི་ནས་ཧྥ་རན་སེའི་དམག་དཔུང་གི་ཐན་ཁེ་མཐའ་མ་དེ་ཕྱིར་འཐེན་བྱས་རྗེས་ཧྥ་རེ་པའོ་གྲོང་ཁྱེར་ལ་ཧྥ་རན་སེའི་དམག་དོན་དོ་དམ་གྱི་ཚོད་འཛིན་ཕོག་མེད།
          1457ལོར་ཧྥ་རེ་པའོ་སློབ་ཆེན་དེ་ཁུལ་དུ་བཙུགས་ནས་གྲོང་ཁྱེར་ཆུང་ཆུང་དེ་ཤེས་ལྡན་མི་སྣའི་འདུ་གནས་སུ་གྱུར། 2004ལོར་འཇར་མན་གྱི་《མདོ་གནད་》དུས་དེབ་ཀྱིས་འཇར་མན་གྱི་སློབ་གྲྭ་རྩེར་སོན་འདེམས་སྐབས་ཧྥ་རེ་པའོ་སློབ་ཆེན་ཨང་གསུམ་པར་བདམས་པ་རེད། འཇར་མན་གྱི་གྲགས་ཅན་མཚན་ཉིད་རིག་པ་མཁས་ཅན་དང་དམག་ཆེན་གཉིས་པའི་རྗེས་ཀྱི་འཛམ་གླིང་གི་མཚན་ཉིད་རིག་པའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཆེན་པོ་ལྡན་པའི་ཧའེ་ཏེ་ཀེར་གྱིས་1909ལོ་ནས་སློབ་གྲྭ་དེར་སློབ་སྦྱོང་བྱས་པ་དང་འབྲེལ་དགེ་རྒན་ཡང་བྱས་པ་རེད། 1959ལོར་ལས་འཁྱུར་བྱས་ནས་དུས་རབས་ཕྱེད་ཀ་ཕྱིན་ཡོད།
          དམག་ཆེན་གཉིས་པའི་རྗེས་སུ་འཇར་མན་ནུབ་མས་ཁྲོམ་རའི་དཔལ་འབྱོར་ལག་ལེན་བསྟར་བ་དང་། དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་བྱེད་མཁན་གྱི་རིགས་པའི་གཞུང་ལུགས་མཁོ་འདོན་པ——ཧྥ་རེ་པའོ་ཡི་གྲུབ་མཐའ་ཡང་ཧྥ་རེ་པའོ་སློབ་ཆེན་ནས་བྱུང་བ་རེད། གྲུབ་མཐའ་དེས་ཡ་ཏང·སི་སྨིའི་འདོད་ཚུལ་གྱི་རྒྱ་ཡན་རང་འདོད་ཅན་དང་ཨེན་ཁེ་སིའི་འདོད་ཚུལ་གྱི་རྒྱལ་ཁབ་ཀྱིས་ཐེ་ཇུས་བྱེད་པའི་དབར་དུ་འཛུལ་ནས། རྒྱལ་ཁབ་ཀྱིས་དཔལ་འབྱོར་ཐད་ཐེ་ཇུས་ཉུང་ཙམ་བྱེད་དགོས་པ་མ་ཟད། དགོས་ངེས་ཀྱི་ཐེ་ཇུས་བྱེད་དགོས་པའི་བསམ་འཆར་བཏོན་པ་རེད།
          ཞོགས་པ་གྲོང་ཁྱེར་དུ་འཆམ་འཆམ་བྱེད་སྐབས་འདྲེན་བྱེད་མདུན་དུ་ཡོ་རོབ་ཀྱི་གནའ་གྲོང་ཞིག་གི་མཛེས་སྡུག་ལྡན་པའི་རྣམ་པ་འཆར་བ་དང་ལམ་བུ་གང་སར་རྡོ་ཧྲུག་བཏིངས་བ་དང་ལམ་བུའི་དབུས་སུ་འཁོར་ལམ་4ཡོད་ལ་ཁྲོམ་གཞུང་བརྒྱུད་རྒྱང་རིང་དང་གཅིག་ཏུ་མཐུད་ཡོད། ཁྲོམ་གཞུང་དང་སྲང་ལམ་གྱི་གང་སར་ཡོད་པའི་ཆུ་ཡུར་དུ་ལོ་གཅིག་དུས་བཞི་ཚང་མར་ཆུ་ཕྲན་ཁྲུམ་ཁྲུམ་དུ་རྒྱུག་པ་དེ་ནི་ཉེ་འགྲམ་གྱི་ནགས་ཁྲོད་ནས་རྒྱུག་པའི་ཆུ་མིག་ཡིན་ཞིང་། ཤོད་སྲོལ་ལ་ཆུ་ཡུར་དེ་ནི་དུས་རབས་དཀྱིལ་མ་ནས་ཡོད་པ་དང་སྐབས་དེ་དུས་ནི་མེ་ཟོན་ལ་སྤྱོད་པ་དང་དུས་མཚུངས་ནོར་ལུག་གི་འཐུང་ཆུའང་རེད།
          མི་གཅིག་ལས་ཐར་ཐབས་མེད་པའི་གྱང་གཉིས་གཤིབ་ཀྱི་ལམ་ཆུང་བརྒྱུད་འདྲེན་བྱེད་མདུན་དུ་འཆར་བ་ནི་དུས་རབས་12པར་བསྐྲུན་པའི་ཆོས་ཁང་ཆེ་མོ་དེ་རེད། ཆོས་ཁང་གི་མདུན་ངོས་སུ་སྔོ་ཚལ་དང་མེ་ཏོག་སོས་པ་འཚོང་ཡུལ་ཡིན་ལ་ཚོང་སྟེགས་ཀྱི་མེ་ཏོག་དང་སྔོ་ཚལ་ཚང་མ་གཙང་ལ་གྲལ་སྟར་འགྲིག་པ་དང་སྒྱུ་རྩལ་ཐོན་རྫས་ལྟར་ཚོན་མདོག་རྣམ་པར་བཀྲ་བ་ཞིག་མཆིས། གྲོང་ཁྱེར་དེར་ལྕགས་རི་དང་མཁར་རྫོང་མེད་པ་དང་ཡོ་རོབ་ཀྱི་གནའ་གྲོང་གཞན་དང་མི་འདྲ་བར་ཧྥ་རེ་པའོ་གྲོང་ཁྱེར་གྱི་སྣེ་མོ་གཉིས་སུ་ཉམས་འགྱུར་མི་འདྲ་བའི་མཐོ་ལྕོག་དབྱིབས་ཀྱི་རྩེ་རྣོ་བའི་གྲོང་ཁྱེར་གྱི་རྒྱལ་སྒོ་ཡོད་ཅིང་། གལ་ཏེ་སྐབས་རེ་ལམ་སྟེང་དུ་རླངས་འཁོར་མཐོང་རྒྱུ་མེད་ཚེ་ངེད་ཚོ་དུས་རབས་དཀྱིལ་མའི་ཡོ་རོབ་ཀྱི་གྲོང་ཁྱེར་ཆུང་ངུ་ཞིག་ཏུ་གནས་པ་ལྟར་སྣང་།
         ཧྥ་རེ་པའོ་ཅི་འདྲའི་དབེན་ཞིང་འཇམ་པ་ཞིག་ཡོད་པ་དང་རླངས་འཁོར་བསྐྱོད་ཀྱང་འཁོར་ལོའི་སྒྲ་ཕྲན་བུ་ལས་ཐོས་རྒྱུ་མེད། དེ་གའི་མི་རྣམས་ཅི་འདྲའི་མཛའ་ཞིང་བརྩེ་བ་ཞིག་ཡོད་པ་དང་ཁྲོམ་གཞུང་དུ་སྐྱོད་སྐབས་མི་ཚང་མས་ངེད་ཚོར་བརྩེ་བ་ཆེན་པོས་འཛུམ་དམུལ་དམུལ་བྱེད་ཀྱི་ཡོད། ཧའེ་ཏེ་ཀེར་དང་ཧྥ་རེ་པའོ་ཡི་གྲུབ་མཐས་མིའི་རིགས་ཀྱི་ལས་དབང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་གཏིང་ཟབ་ལ་སྒམ་ནན་གྱི་བསམ་གཞིག་བྱས་ཡོད་པས་དངོས་གནས་དབེན་ཞིང་འཇམ་པའི་གྲོང་ཁྱེར་ཆུང་ངུ་དེར་བསམ་གཞིག་ཟབ་མོ་བྱེད་རིན་ཡོད་པས་རེད།
      

    ཕྱོགས་བསྡུས་གསར་འགྱུར།